རིག་འཛིན་གྱི་སྙན་ངག་ཁག་གཉིས།
དབྱར་སྐྱིད་འོང་སྐོར་གྱི་དགའ་སྟོན།
རབ་བཀྲའི་ཏང་གི་ཐུགས་རྗེ་ཉི་མའི་འོད། །
རབ་མཛེས་གངས་ཅན་ལྗོངས་ཀྱི་པད་མོ་ལ། །
རབ་ཏུ་འཕྲོས་པས་བདེ་སྐྱིད་དགའ་སྟོན་དཔལ། །
རབ་སྙན་བུང་བའི་གླུ་བཞིན་གང་སར་ཁྱབ། །
དེང་རབས་ཅན་བཞིའི་ལག་རྩལ་བཟོ་སྐྲུན་གྱིས། །
དེང་དུས་མི་རྣམས་སྟོབས་འབྱོར་ལོངས་སྤྱོད་རྒྱས། །
དེང་སང་འཚོ་བ་གསར་པའི་དུས་བཟང་འདིས། །
དེང་འདིར་ལྷ་ཡི་དཔལ་ལའང་སྐྱེངས་པ་སྟེར། །
ཞོགས་པར་ཉི་བཞོན་འཛུམ་མདངས་རྒྱས་དུས་སུ། །
ཨ་ཁུ་ཞིང་པའི་ཚོགས་ཀྱིས་ལུས་ལ་ནི། །
གཟབ་མཆོར་ལེགས་པར་སྤྲས་ཤིང་འཛུམ་མདངས་ཀྱིས། །
ལོ་ལེགས་འབྲས་བཟང་སྨིན་ཉེའི་འོང་ཁ་སྐོར། །
ཉི་ཟེར་ས་ལ་འཕྲོ་བའི་སྔ་དྲོའི་དུས། །
སྙེ་མའི་མགོ་ལྕོག་ལྡེམ་པའི་རླབས་དཀྱིལ་ནས། །
པད་ཁས་འབོག་ཏོ་གྱོན་ནས་ང་ཆེ་བྱེད། །
གཞན་རྣམས་དེ་དང་ལྷན་དུ་གཤགས་ཀྱང་འགྱེད། །
ལྷག་པར་ཡུར་ནང་རྒྱུ་བའི་ཆུ་ཕྲན་གྱིས། །
ལྷག་ཏུ་ཕེབས་པའི་འོང་སྐོར་བྱེད་མི་ལ། །
ཁྱེད་ཚོ་བསུ་བའི་གླུ་ཆུང་ཡིན་ནོ་ཞེས། །
ཤང་ཤང་སིལ་གླུ་བར་མེད་ལེན་པར་བྱེད། །
དེ་རྟིང་འོང་སྐོར་ཚར་བའི་སྐྱེ་བོ་རྣམས། །
སྤང་ལྗོངས་ཡངས་མོར་གུར་མང་ཕུབ་ནས་ནི། །
རང་རང་ཁྱིམ་ལ་དབང་བའི་སར་སོང་སྟེ། །
ཀུན་དང་མཚུངས་པར་བྱེད་སྒོར་ཞུགས་ལ་བྲེལ། །
གུར་མང་ཁ་ཕྱོགས་གཏད་སའི་དཀྱིལ་དབུས་ན། །
མངོན་པར་འཕགས་པའི་སྡིངས་ཆ་གྲུ་བཞིའི་ཐོག །
ལེ་ཚན་གཙོ་སྐྱོང་མཁན་གྱི་ད་ཐེངས་ཀྱི། །
འོང་སྐོར་བྱེད་སྒོ་དངོས་སུ་འགོ་ཚུགས་སྨྲས། །
དེ་དང་སྦྲགས་ཏེ་གུར་གྱི་སྒོ་ཁ་རུ། །
འགྲེངས་པའི་མི་དམངས་ཚོགས་ཀྱིས་དགའ་འབོད་ལྷན། །
ཐལ་མོ་འདེབས་བཞིན་འཛུམ་པའི་མདངས་ཕྱུང་ནས། །
དབྱར་སྐྱིད་འོང་སྐོར་དུས་ཆེན་གྲོགས་སུ་སྦྲན། །
རྟ་རྒྱུག་མདའ་འཕེན་མཆོངས་རྒྱག་གཉའ་རྩལ་དང་། །
གླུ་དང་རོལ་མོ་གར་དང་རྣམ་ཐར་སོགས། །
ཡུལ་ཕྱོགས་སོ་སོའི་ཁྱད་ཆོས་འབུར་ཐོན་གྱིས། །
འཚོ་བ་གསར་པར་བསྟོད་པའི་མེ་ཏོག་སྟོར། །
དེ་ལྟའི་སྔ་སྲོལ་བཟང་པོ་རྒྱུན་འཛིན་ཐོག །
ད་རབས་འཚོ་བ་གསར་པའི་གླུ་གཞས་སོགས། །
ད་དུང་སྣ་ཁ་གསར་པ་མང་བསྣན་པས། །
འདིར་ཞུགས་རྒན་དར་གཞོན་གསུམ་ཡིད་དབང་འཕྲོག །
ཨེ་མ་དུས་རབས་གསར་པའི་གངས་ལྗོངས་ཀྱི། །
དབྱར་སྐྱིད་འོང་སྐོར་རྣམ་པ་འདི་ཙམ་ཞེས། །
བྱུང་བསམ་རྨི་ལམ་ལ་ཡང་མ་རྨིས་ཞེས། །
རྒན་རྒོན་ཚོགས་རྣམས་ཞལ་འཛུམ་བསྟན་ནས་གླེང་། །
ཤོ་དང་འགྲིག་ཤོ་ཏག་སེ་མིག་མངས་དང་། །
ཆུ་དང་སྦི་རག་ཇ་ཆང་ལོངས་སྤྱོད་སོགས། །
འཆི་མེད་ལྷ་ཡི་དཔལ་དང་ལེགས་མཉམ་པའི། །
བདེ་སྐྱིད་དགའ་སྟོན་ཉིན་ཞག་ཕྲེང་བར་བྱས། །
འབྲེལ་ཡོད་གསར་འགྱུར།