དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • གསར་འགྱུར་ལོ་ཙཱ་བར་ལྡན་དགོས་པའི་ཆ་རྐྱེན་སྐོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-12

    གསར་འགྱུར་ནི་ཆ་འཕྲིན་བརྒྱུད་སྤྲོད་དང་སྤྱི་ཚོགས་འཚོ་བའི་ཁྲོད་མི་དང་མི་ཕན་ཚུན་འབྲེལ་འདྲིས་བྱེད་པའི་ལག་ཆ་གལ་ཆེན་ཞིག་རེད།

    ཉིན་ལྟར་ཆ་འཕྲིན་སྣ་ཚོགས་ཆར་ཤུལ་གྱི་སྤང་ལ་ཤ་མོ་བརྡོལ་བ་ཇི་བཞིན་ཐོན་དང་འཐོན་བཞིན་ཡོད་ཅིང་། དེ་དག་དྲིལ་བསྒྲགས་དང་ཁྱབ་སྤེལ་གཏོང་སླད་གསར་འགྱུར་བྱུང་ལ། སྐད་རིགས་མི་འདྲ་བའི་གསར་འགྱུར་སྣ་ཚོགས་ཐོན་པས། ད་གཟོད་ལོ་ཙཱ་བྱེད་དགོས་བྱུང་། འཇིག་རྟེན་གྱི་མིག་ཏུ་གྲགས་པའི་ལོ་ཙཱ་ཡོད་པས། ད་གཟོད་རྒྱལ་ཁབ་དང་མི་རིགས་གཞན་པའི་ཕུལ་དུ་བྱུང་བའི་རིག་གནས་སྣ་ཚོགས་ནང་འདྲེན་བགྱིས་ཏེ་རང་མི་རིགས་ཀྱི་རིག་གནས་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐུབ་པ་བྱུང་ལ། རང་མི་རིགས་ཀྱི་ཕུལ་དུ་བྱུང་བའི་རིག་གནས་སྣ་ཚོགས་རྒྱལ་ཁབ་དང་མི་རིགས་གཞན་པའི་སྐད་དུ་བསྒྱུར་ཏེ། རང་མི་རིགས་ཀྱི་རིག་གནས་ཀྱི་གདེང་ཚོད་ངོམ་ཐུབ་པ་བྱུང་ཡོད། དེ་ནི“རིག་གནས་ཕུན་སུམ་ཚོགས་སུ་གཏོང་བར་ཐབས་སྣ་མང་དུ་འདུག་མོད། མདོར་བསྡུས་ན་གཙོ་བོ་མི་རིགས་རང་གི་སྲོལ་རྒྱུན་རིག་གནས་གོང་སྤེལ་དང་མི་རིགས་གཞན་གྱི་བསམ་བློ་དང་རིག་གནས་ནང་འདྲེན་བྱེད་པར་རག་ལས་ཡོད”ཅེས་པ་ལྟར་རོ།

    མདོར་ན། ལོ་ཙཱ་ཡོད་པས། ད་གཟོད་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཇེ་ཟབ་ཏུ་སོང་ཡོད་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་ནུས་པ་ཆེན་པོ་ཐོན་ཡོད། འོ་ན། གསར་འགྱུར་ལོ་ཙཱ་བར་ལྡན་དགོས་པའི་ཆ་རྐྱེན་དང་ལོ་ཙཱའི་ལས་ཀའི་བརྒྱུད་རིམ་གང་འདྲ་ཡིན་ཞེ་ན།

    གཅིག ལོ་ཙཱ་བར་རིག་གནས་ཀྱི་རྨང་གཞི་དང་ཀུན་སློང་གཙང་མ་ཞིག་ཡོད་དགོས་པ།

    ས་པཎ་མཆོག་ནས། “ཚིག་ཀྱང་སྒྲིག་ལེགས་མ་ཤེས་ན། །དོན་བཟང་སྨོས་ཀྱང་ཅི་ཞིག་བྱ། །”ཞེས་དང་། “དོན་འདུས་ཚིག་གསལ་བརྗོད་པ་བདེ། ། ངག་ཉུང་ཚིག་སྙོམས་གཟུང་བ་སླ། །བསྡུས་དོན་ཉིད་ཀྱིས་གཞུང་གོ་བ། །དེ་འདྲ་གང་གིས་ཤེས་འདི་མཁས། །”ཞེས་གསུངས་པ་ལྟར། སྤྱིར་ན་གཞུང་ལུགས་དང་རིག་ཚན་གང་ཞིག་ལོ་ཙཱ་བྱེད་པར་གཞོལ་ཡང་། དེའི་རྨང་གཞིའི་རང་བཞིན་ནི་མ་ཡིག་དང་བུ་ཡིག་གི་སྐད་ཡིག་དང་རིག་གནས་ལ་ནང་བྱན་ཆུད་པ་ཞིག་ཡོད་དགོས་པ་དང་། མ་ཡིག་དང་བུ་ཡིག་གི་བརྡ་སྤྲོད་གཞུང་ལུགས་དང་། སྐད་ཆ་ཤོད་སྟངས།མི་རིགས་མི་འདྲ་བ་གཉིས་ཀྱི་ཡུལ་གོམས་གཤིས་ལུགས་སོགས་ལ་རྒྱུས་མངའ་ཆེན་པོ་ཡོད་དགོས་པ་ཡིན། ལྷག་པར་དུ། མི་རིགས་གང་ཞིག་ཡིན་རུང་། མིང་ལས་ཚིག་དང་། ཚིག་དུ་མ་འདུས་པ་ལས་བརྗོད་པ། བརྗོད་པ་དུ་མ་འདུས་པ་ལས་བརྗོད་པའི་ཕྲེང་བ་དང་། རིམ་བཞིན་རྩོམ་གྲུབ་པ་ཡིན་པས། ལོ་ཙཱ་བ་ཞིག་ཡིན་ཕྱིན། དང་ཐོག་རང་རང་གི་ཀླད་པའི་ནང་མིང་ཚིག་ཕུན་སུམ་ཚོགས་པོ་གསོག་ཐུབ་པ་དགོས་ཏེ། དེ་ནི་ཁང་པ་རྒྱག་པར་ས་ཕག་སོགས་རྒྱུ་ཆ་མང་པོ་གྲ་སྒྲིག་བྱེད་དགོས་པ་དང་གཅིག་པ་རེད། དེ་རྗེས་སྐད་རིགས་དང་ཡིག་རིགས་གཉིས་པོའི་སྐད་ཆའི་འགྲོ་ལུགས་ལ་གཞིགས་ནས་བབ་བསྟུན་མཐུན་འཇུག་དང་གང་ལ་ཅི་འགབ་ཀྱི་སྒྱུར་རྩལ་ཁོང་དུ་ཆུད་པར་བྱེད་དགོས།

    ཡིག་སྒྱུར་གང་འདྲ་ཞིག་ཡིན་རུང་འགྱུར་སྤུས་ཀྱི་ལེགས་ཞན་ནི་ལོ་ཙཱ་བའི་སྐད་ཡིག་གཉིས་ཀྱི་བྱང་ཚད་དང་། ཡིག་སྒྱུར་རིགས་པའི་གཞུང་ལུགས་ཀྱི་ཡོན་ཚད། ལག་ལེན་དངོས་ཀྱི་ཉམས་མྱོང་། དེ་བཞིན་སྐད་ཡིག་དེ་གཉིས་སྤྱོད་མཁན་གྱི་མང་ཚོགས་ཀྱི་འཚོ་བ་དང་གོམས་སྲོལ་སོགས་ལ་རྒྱུས་མངའ་ཆེ་ཚད་སོགས་དང་འབྲེལ་བ་ཤིན་ཏུ་ཟབ་མོད། གོང་སྨྲོས་ཀྱི་ཆ་རྐྱེན་དེ་ཙམ་ཁོ་ནས་ད་དུང་འགྱུར་སྤུས་ཀྱི་ལེགས་ཞན་གཏན་འཁེལ་ཐུབ་པ་ཞིག་མིན་ཏེ། བྱ་བ་གང་ཞིག་སྒྲུབ་སྙམ་པའི་ཀུན་སློང་བཟང་ངན་གྱིས་བྱ་བ་དེ་ཉིད་ལེགས་གྲུབ་ཡོང་མིན་ལ་ཐག་གཅོད་རང་བཞིན་གྱི་ནུས་པ་འཐོན་གྱི་ཡོད་པའི་ཕྱིར་ཏེ། མཁས་པའི་གསུང་རབ་ལས། “དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་འཕེལ་ཅིང་རྒྱས་པར་བྱེད། །”ཅེས་པ་ལྟར། ལོ་ཙཱ་བྱེད་ཡུལ་དེར་དད་པ་ལྡན་པ་ལྟ་བུ་ཞིག་གི་ཀུན་སློང་སྔོན་དུ་སོང་ནས་ལོ་ཙཱ་བྱེད་པ་ནི་ཤིན་ཏུ་གལ་ཆེ། དེས་ན་གསར་འགྱུར་འཕྲིན་རྩོམ་ཡིག་སྒྱུར་གྱི་སྤུས་ཚད་ལའང་ལོ་ཙཱ་བས་གསར་འགྱུར་ལ་དོ་སྣང་དང་། གསར་འགྱུར་གྱི་གནས་བབ་ལ་མཐོང་ཆེན། གསར་འགྱུར་གྱི་ནུས་པར་ཤེས་རྟོགས་སོགས། གསར་འགྱུར་འཕྲིན་རྩོམ་ཡིག་སྒྱུར་གྱི་གལ་ཆེའི་རང་བཞིན་མཐོང་ཐུབ་པའི་ཉམས་པ་མེད་པའི་ལོ་ཙཱ་བའི་རྟོགས་པ་ཞིག་དང་། གསར་འགྱུར་ཡིག་སྒྱུར་ལེགས་པོ་བྱེད་སྙམ་པའི་ཀུན་སློང་བཟང་པོ་དང་བརྟན་པོ་ཞིག་གིས་སྟངས་འཛིན་བྱེད་དགོས།

    དེའང་ལས་ཀ་གང་ཞིག་ལ་འཇུག་ཀྱང་། ལས་ཀ་གང་དེར་དགའ་ཞེན་དང་སྤྲོ་སྣང་སླེབས་པ་དགོས་ཤིང་། དགའ་བའི་ལས་ལ་སྤྲོ་བས་འཇུག་ཐུབ་ན། ད་གཟོད་ལས་རིགས་གང་དེས་ཀྱང་ཁྱེད་ལ་རང་རང་གི་འཇོན་ཐང་ངོམ་སའི་ལས་སྟེགས་ཤིག་སྦྱིན་ངེས་རེད། འདི་ལྟར་མིན་པར་ཁྱེད་ཀྱིས་ལས་ཀ་གང་དེར་དགའ་ཞེན་མེད་བཞིན་དུ་ཨ་ན་ཨུ་ཚུགས་ཀྱིས་ལས་རིགས་དེར་འཐམས་ན། དེས་ཁྱེད་ལ་སྦྱིན་པ་ནི་ལུས་སེམས་ཀྱི་སྡུག་བསྔལ་དང་། ཡི་ཆད་དང་འཁང་ར་ཙམ་ལས་གཞན་ཅི། དེ་མིན་ང་ཚོས་ལོ་ཙཱའི་ལས་ཀར་ཞུགས་རིང་རང་རྒྱུད་ལ་ཀུན་སློང་གཙང་མ་ཞིག་དགོས་ཏེ། དེ་ནི་དབུགས་ཐེངས་གཅིག་ལ་མ་རྩོམ་བུ་ཡིག་ཏུ་བསྒྱུར་ཚར་བར་བྱེད་པའི་འགན་འཁྲི་དེ་མིན་པར། ཆེ་ས་ནས་བཤད་ན་ཏང་དང་རྒྱལ་ཁབ་དང་། སྤྱི་ཚོགས་དང་མི་དམངས་ལ་འགན་འཁུར་བའི་འགན་འཁྲིའི་འདུ་ཤེས་འཆང་དགོས་པ་དང་། ཆུང་ས་ནས་བཤད་ན། མ་མཐར་ཡང་ཀློག་པ་པོ་དང་རང་ཉིད་ལ་འགན་འཁུར་བའི་བསམ་པ་ཡོད་དགོས་ཏེ། རང་གིས་ལོ་ཙཱ་བྱས་པའི་སྒྱུར་ཡིག་གང་དེར་ཐོག་མར་རང་ཉིད་བློ་ཡིད་ཚིམ་པ་ཞིག་དང་། ཀློག་པ་པོར་ལྟ་རིན་ཡོད་པ་ཞིག་ཡིན་དགོས། འདི་ལྟར་བྱུང་ན་ད་གཟོད་ཁྱེད་ཀྱི་དཀའ་སྤྱད་ཀྱི་རྔུལ་ཆུ་གང་དེར་རིན་ཐང་དང་ཕན་ཡོན་ལྡན་པ་ཡིན།

    མི་མང་པོའི་སྣང་ངོར་རྒྱ་བོད་ལོ་ཙཱ་ནི་རྒྱ་ཡིག་དང་བོད་ཡིག་ཤེས་པ་ཙམ་གྱིས་ལོ་ཙཱ་བྱེད་ཆོག་པ་ཞིག་ཡིན་པའི་ངོས་འཛིན་བྱེད་མོད། དོན་དངོས་སུ་འདི་ལྟར་ག་ལ་ཡིན་ཏེ། མ་ཡིག་དང་བུ་ཡིག་ལ་ནང་བྱན་ཆུད་དགོས་པ་ནི་རྨང་གཞི་རེད། དེ་མིན་ད་དུང་སྐད་ཡིག་མི་འདྲ་བ་གཉིས་ཀྱི་རིག་གནས་ཀྱི་རྒྱབ་ལྗོངས་དང་། བརྡ་སྤྲོད་ཀྱི་ཁྱད་པར། ཡུལ་གོམས་གཤིས་ལུགས་སོགས་ལ་ཆ་རྒྱུས་ངེས་ཅན་ཡོད་དགོས་ཏེ། དཔེར་ན། རྒྱ་ཡིག་གི“红色基因”ལྟ་བུར་མཚོན་ན། ང་ཚོས་ཐད་ཀར“དམར་པོའི་གཞི་རྒྱུའམ་གཞི་རྒྱུ་དམར་པོ”ཞེས་པར་བསྒྱུར་ན་དེ་དོན་རྟོགས་དཀའ་བས། “གསར་བརྗེའི་གཞི་རྒྱུ”ལྟ་བུར་ལོ་ཙཱ་བྱེད་དགོས་པ་དང་། དེ་མིན“虎头蛇尾”ལྟ་བུར་ཐད་ཀར“སྟག་མགོ་སྦྲུལ་མཇུག”ལྟ་བུར་བསྒྱུར་ན། བོད་ཀྱི་རིག་གནས་ཀྱི་ནང་དོན་དང་སྐད་ཆའི་ཤོད་སྲོལ་དང་མཐུན་གྱི་མེད་པས། “རྟ་མགོ་ལུག་གཞུག”ཅེས་པར་བསྒྱུར་ན་ཅུང་འཚམ་པ་ལྟ་བུ་རེད།

    གཉིས། མ་རྩོམ་མགོ་ནས་མཇུག་བར་ཐེངས་གསུམ་ཀློག་དགོས་པ།

    རྩོམ་ཡིག་གང་ཞིག་ལོ་ཙཱ་བྱེད་དགོས་ན། ང་ཚོས་མ་རྩོམ་ལག་ཏུ་རག་མ་ཐག་དེ་མ་ཉིད་དུ་ལོ་ཙཱའི་བགྱི་བ་ལྷུར་དུ་མ་བླངས་པར། སྔོན་ལ་མ་རྩོམ་གྱི་མགོ་ནས་མཇུག་བར་མ་མཐར་ཡང་ཐེངས་གསུམ་བཀླག་དགོས། དེའང་ཐོག་མར་མ་རྩོམ་རག་ཀློག་བྱས་ཏེ། དེའི་ཁྲོད་ཀྱི་ཐ་སྙད་གསར་པ་དང་། ས་མིང་དང་མི་མིང་། བརྡ་ཆད་གསར་པ། འགོ་ཁྲིད་གཙོ་བོའི་མིང་། ནང་དོན་མི་གོ་བའི་བརྗོད་པ་སོགས་ལ་རྟགས་རྒྱག་དགོས་པ་དང་། མགོ་ནས་མཇུག་བར་ཐེངས་གཅིག་བཀླགས་རྗེས། མ་རྩོམ་གྱི་ནང་དོན་མདོར་བསྡུས་ང་ཚོའི་བློར་འཇགས་ངེས། དེ་རྗེས་མ་རྩོམ་ཐེངས་གཉིས་པ་ཀློག་ཞོར། གོང་དུ་སྨྲོས་པའི་ཐ་སྙད་གསར་པ་དང་ས་མིང་དང་མིའི་མིང་། བརྡ་ཆད་གསར་པ་སོགས་རེ་རེ་བཞིན་ཚིག་མཛོད་ནས་འཚོལ་བའམ་བསླབ་པ་རྒན་གྲས་རྣམས་ལ་བཀའ་འདྲི་ཞུས་ཏེ། དེ་དོན་གང་ཡིན་མ་རྩོམ་གྱི་ཟུར་དུ་འགོད་དགོས།

    ཐེངས་གསུམ་པ་ཀློག་སྐབས། མ་རྩོམ་གྱི་ནང་དོན་ལ་སྤྱིའི་ཆ་ནས་གོ་བ་ངེས་ཅན་ལོན་ཟིན་མོད། གལ་ཏེ་ད་དུང་ཡང་ཆ་མི་འཚལ་བའི་ནང་དོན་དང་དོགས་པ་ཡོད་པའི་གནད་ཡོད་ཚེ། ང་ཚོས་དྲ་བ་དང་སྐད་འཕྲིན་སོགས་དེང་རབས་སྨྱན་བྱད་དང་། དེ་མིན་ཁ་པར་བརྒྱུད་གཞན་ལ་བཀའ་འདྲི་ཞུས་ཏེ། རྩོམ་ཧྲིལ་པོའི་ནང་དོན་ལ་གོ་བ་གཏིང་ཟབ་ལོན་པར་བྱེད་དགོས། བརྒྱུད་ཧྲིམ་དེའི་ཁྲོད། ངེས་པར་དུ་ཆབ་སྲིད་ཀྱི་ནང་དོན་ཤུགས་ཆེ་བའི་མིང་དང་ཚིག་ལ་རྟགས་བརྒྱབ་ནས་དེ་ཉིད་གལ་ཆེ་ཚུལ་ཤེས་པར་བྱས་ཏེ། མ་ནོར་མ་འཕྱུགས་པར་བུ་ཡིག་ཏུ་དབབ་དགོས་ཤིང་། གྲ་སྒྲིག་གི་ལས་ཀ་དེ་དག་ཚར་རྗེས། གཞི་ནས་སྒྱུར་ཐབས་འོས་འཚམ་ཞིག་བདམས་ཏེ་དངོས་སུ་ལོ་ཙཱའི་ལས་ལ་ཞུགས་དགོས།

    གསུམ། ནང་དོན་ལ་གཞིགས་ནས་སྒྱུར་ཐབས་འོས་འཚམ་སྤྱོད་དགོས།

    གསར་འགྱུར་ཡིག་སྒྱུར་ལྟ་བུར་མཚོན་ན། ཡིག་སྒྱུར་སྤྱི་དང་འདྲ་བར་གསར་འགྱུར་ཡིག་སྒྱུར་གྱི་འོས་འགན་བསྐྱུར་དུ་མེད་པ་ནི། མ་ཡིག་གི་ནང་དོན་ནོར་འཁྲུལ་མེད་པར་ཇི་མ་ཇི་བཞིན་བུ་ཡིག་ཏུ་དབབ་རྒྱུ་དེ་ཡིན་ཞིང་། དེ་ནི་ཡིག་སྒྱུར་སྤྱིའི་ཐུན་མོང་གི་རྩ་བའི་བླང་བྱ་ཡིན་ལ། ཡིག་སྒྱུར་སྤྱིའི་རྩ་འཛིན་ཞིག་ཏུའང་བརྩི་ཆོག འོན་ཀྱང་གསར་འགྱུར་ལ་མཚོན་ན། འབྲི་ལུགས་སྣ་ཚོགས་པ་ཞིག་ཡོད་པས། ལོ་ཙཱ་བས་གསར་འགྱུར་གྱི་ནང་དོན་དངོས་ལ་གཞིགས་ནས་སྒྱུར་རྩལ་མི་འདྲ་བ་སྤྱོད་དགོས་པ་ཡིན། དཔེར་ན། ས་ཆ་གང་ཞིག་ཏུ་དུས་ནམ་ཞིག་ལ་བྱེད་པ་པོ་སུ་ཞིག་གིས་བྱ་བ་གང་ཞིག་བྱས་པ་དང་། འབྲས་བུ་གང་ཞིག་བྱུང་བའི་སྐོར་གྱི་གསར་འགྱུར་ལྟ་བུ་ནི་གསར་འགྱུར་སྤྱིར་བཏང་བ་ཞིག་ཡིན་པས། དགོས་པ་གལ་ཆེའི་སྐབས་སུ་རེ་ཟུང་ལ་མ་གཏོགས་སྤྱིར་མ་ཡིག་གི་བརྗོད་དོན་བུ་ཡིག་ཏུ་མགོ་མཇུག་སློག་པ་དང་། སྣོན་འཕྲི་སོགས་བྱེད་མི་དགོས་པར་ཐད་སྒྱུར་གཙོ་བོར་བྱས་ན་ཆོག་པ་ལྟ་བུ་དང་། ཡང་དཔེར་ན། གསར་འགྱུར་འཕྲིན་རྩོམ་གྱི་ཁོངས་སུ་གཏོགས་པ་གང་ཞིག་ལ། མི་སྣ་ཆེ་གེ་མོ་ཞིག་གི་མཛད་རྗེས་གཙོ་བོར་གླེང་བའི་གསར་འགྱུར་ཞིག་སྒྱུར་སྐབས། མི་སྣའི་ཁོར་ཡུག་དང་། གཟུགས་བརྙན། སྐད་ཆ་སོགས་མ་ཡིག་ཏུ་ཞིབ་འབྲི་བྱས་ཡོད་པ་རྣམས་མ་ཡིག་ནས་ཀློག་པའི་ཚེ། གོ་དོན་ཟབ་པ་ཙམ་མིན་པར་སྙན་འཇེབས་ཀྱི་དགེ་མཚན་མཆོག་ཏུ་གྱུར་པ་ཞིག་ཡོད་ཀྱང་། བུ་ཡིག་ཏུ་གསར་འགྱུར་སྤྱིར་བཏང་བར་བརྩིས་ནས་ཐད་སྒྱུར་བྱས་ཚེ། མ་ཡིག་གི་བརྗོད་དོན་སྙན་པའི་དགེ་མཚན་རང་དགར་ཉམས་སྲིད་པས། ངེས་པར་དུ་ཚིག་དོན་གང་ཐད་ནས་དོན་སྒྱུར་གྱི་ཐབས་ལ་བརྟེན་ཏེ་བརྗོད་དོན་ཧྲིལ་པོ་གོ་ལྡོག་པའམ་ཡང་ན་བརྗོད་དོན་དུམ་བུ་འགའ་གོ་བརྗེས་རྒྱག་པ་སོགས་བྱེད་ཆོག་པ་ལྟ་བུ་ཡིན། དེ་བཞིན་ཚིག་སྦྱོར་གྱི་ཐད་ལའང་མ་ཡིག་དང་བསྟུན་རྒྱུ་མ་གཡེང་བའི་ཐོག་བུ་ཡིག་ལ་ཐ་སྙད་མང་པོ་ཞིག་ཡོད་པ་ལས། གང་ཞིག་མ་ཡིག་གི་ཐ་སྙད་དང་འཚམ་མིན་བློ་ཞིབ་མོས་ཡང་དག་པར་དཔྱད་དེ་གདམ་ག་ལེགས་པོ་བགྱི་དགོས་པ་ཡིན། འདི་ནི་གསར་འགྱུར་སྤྱིར་བཏང་བ་དང་མི་སྣའི་སྐོར་གྱི་གསར་འགྱུར་འཕྲིན་རྩོམ་དབར་གྱི་སྒྱུར་ཐབས་མི་འདྲ་བའི་ཕྱོགས་ཤིག་ཡིན། དེའང་གསལ་པོར་བཤད་ན། མི་སྣའི་སྐོར་གྱི་གསར་འགྱུར་འཕྲིན་རྩོམ་ལྟ་བུར་མཚོན་ན། གསར་འགོད་པས་སྒྱུ་རྩལ་གྱི་བརྩམས་ཆོས་ནང་བཞིན་མི་སྣའི་གཟུགས་བརྙན་བཞེངས་པ་དང་། མི་སྣའི་སྐད་ཆ་དང་རྣམ་འགྱུར་འགོད་པ་སོགས་གསར་འགྱུར་སྤྱིར་བཏང་བ་དང་མི་འདྲ་བའི་ནང་དོན་ཞིབ་འབྲི་དང་། ཚིག་སྦྱོར་ལ་རྒྱན་འོས་འཚམ་སྤྲས་ཏེ་སྒྱུ་རྩལ་གྱི་ཉམས་འགྱུར་ཡང་ཅུང་ཟད་ལྡན་པར་བྱེད་ཆོག་སྟབས། དེ་འདྲའི་གསར་འགྱུར་འཕྲིན་རྩོམ་གྱི་རིགས་ཡིག་སྒྱུར་བྱེད་སྐབས། ལོ་ཙཱ་བས་དོན་སྒྱུར་གྱི་ཐབས་ལ་བརྟེན་ནས་སྒྱུར་རྩལ་འདོན་དགོས་པ་རེད། ཡིན་ནའང་ལོ་ཙཱ་བས་གཟབ་དགོས་པ་ཞིག་ལ་དོན་སྒྱུར་བྱེད་པའི་བརྒྱུད་རིམ་ནང་མ་ཡིག་དང་རྩ་བ་ནས་འགལ་བའི་དོན་དང་ཚིག་སྦྱོར་གཏན་ནས་མ་ཐོན་པ་བྱེད་དགོས་ཏེ། ཁྱེད་ཀྱིས་སྒྱུར་བཞིན་པའི་མི་སྣ་དེ་རྟོག་བཟོ་བྱས་པའི་མི་སྣ་ཞིག་མ་ཡིན་པར། སྤྱི་ཚོགས་ཐོག་དངོས་སུ་འཚོ་བ་དང་འགུལ་སྐྱོད་བྱེད་བཞིན་པའི་མི་སྣ་གསོན་པོ་ཞིག་ཡིན་པས་རེད།

    བཞི། མ་ཡིག་དང་བུ་ཡིག་གི་རིག་གནས་ཀྱི་ཁྱད་པར་ལ་དོ་སྣང་བྱེད་དགོས།

    ཨ་རིའི་ཡིག་སྒྱུར་གཞུང་ལུགས་ཀྱི་རབ་འབྱམས་པ་ཀོ་ནིས། “ཡིག་སྒྱུར་ཚད་དུ་རུང་བ་ཞིག་ལ་མཚོན་ན། རིག་གནས་གཉིས་ཀར་རྒྱུས་མངའ་ཡོད་པ་བྱ་རྒྱུ་དེ་སྐད་རིགས་གཉིས་ལ་བྱང་ཆ་ཡོད་པ་ལས་ཀྱང་གལ་ཆེ་སྟེ། རྒྱུ་མཚན་ནི་སྐད་ཡིག་དེས་དེ་དང་འབྲེལ་བའི་རིག་གནས་ཀྱི་རྒྱབ་ལྗོངས་ཁྲོད་ནས་ད་གཟོད་ནང་དོན་ཐོན་ཐུབ་པས་སོ” ཞེས་གསུངས། དེར་བརྟེན་ཡིག་སྒྱུར་གྱི་བྱེད་སྒོ་གང་འདྲ་ཞིག་ཡིན་རུང་། ལོ་ཙཱ་བར་ཡིག་རིགས་གཉིས་ཀྱི་རིག་གནས་རྒྱབ་ལྗོངས་ལ་རྒྱུས་མངའ་གང་ལ་གང་འཚམ་ཞིག་མེད་ཕྱིན། མ་ཡིག་གི་བསྟན་དོན་རྣམས་ཡང་དག་པར་རྟོགས་མི་ཐུབ་ལ། མ་ཡིག་གི་བསྟན་དོན་ཇི་བཞིན་བུ་ཡིག་ཏུ་ཕབ་བསྒྱུར་ཡང་མི་ཐུབ། ཐ་ན་གོ་བ་ལོག་སྒྲུབ་བྱུང་སྟེ། ལོ་ཙཱ་བ་རང་ཉིད་ཀྱི་བསམ་ཡུལ་ལས་འདས་པའི་བཞད་གད་དང་དེ་བས་ཚབས་ཆེ་བའི་གནས་ཚུལ་ཡང་འབྱུང་སྲིད།

    འཛམ་གླིང་ཁྱོན་གྱི་མི་རིགས་ཁག་སོ་སོར་རིག་གནས་ཀྱི་ཆ་རྐྱེན་དང་མཐུན་པའི་སྐད་ལུགས་ཡིག་སྲོལ་མི་འདྲ་བ་རེ་ཡོད་པ་ལྟར། རང་ཅག་བོད་མི་རིགས་ལའང་སྲོལ་རྒྱུན་རིག་གནས་དང་། ཡུལ་གོམས་གཤིས་ལུགས། རྟོགས་པའི་བློ་ནུས་སོགས་ཀྱི་གཞི་ལས་གྲུབ་པའི་སྐད་རིགས་གཞན་དང་མི་གཅིག་པའི་སྒྲ་སྦྱོར་ཡི་གེའི་བརྡ་དག་དང་། ཐ་སྙད་འཇུག་པར་བྱེད་པའི་ཆོས། བརྗོད་པའི་སྤྱོད་ཡུལ་གྱི་གནས་སོགས་ལ་ཁྱད་ཆོས་ཐུན་མོང་མ་ཡིན་པ་མང་པོ་ཡོད། དེས་སྐད་རིགས་མི་འདྲ་བའི་དབར་བརྗོད་དོན་མཚོན་སྟངས་མི་མཐུན་པ་བྱུང་བ་ཡིན། གལ་ཏེ་ཡིག་སྒྱུར་གྱི་བྱ་བ་དེ་སྐད་ཆའི་སྒྱུ་རྩལ་ཙམ་དུ་འདོད་ནས་སྐད་ཆའི་གཏིང་རུམ་ནས་འཕྲོས་པའི་རིག་གནས་ཀྱི་ཁྱད་པར་ལ་དོ་སྣང་མ་བྱས་ཚེ། འགྱུར་ལ་ཇི་འདྲའི་ཉམས་ཐོན་པར་འབད་ཀྱང་སྲོག་མེད་བེམ་པོ་ལྟར་གསོན་ཤུགས་མེད་པར་འགྱུར་རྒྱུ་གདོན་མི་ཟ།

    རྒྱ་བོད་སྐད་རིགས་བར་གྱི་སྐད་ཆ་དང་བརྡ་སྤྲོད་ཐབས། མཚོན་ཐབས་ཐད་ཁྱད་པར་ཡོད་པས། ཡིག་སྒྱུར་བྱེད་སྐབས་ངེས་པར་དུ་དགོས་ངེས་ཀྱི་ལེགས་སྒྲིག་དང་འགྱུར་བ་བཏང་སྟེ། བོད་ཡིག་ཀློག་པ་པོར་འགྱུར་ཡིག་ངག་ལ་བདེ་ཞིང་གོ་བདེ་བའི་ཚོར་བ་སྦྱིན་དགོས། དེ་ཡང“ཡིག་སྒྱུར་སྐབས་སྒྱུར་ཐབས་འོས་འཚམ་འདེམས་དགོས་ཤིང་མཁོ་ཆེ་བ་ནི་ཐད་སྒྱུར་ཡིན་མོད། དེས་མ་ཡིག་གི་དོན་ལེགས་པར་མཚོན་མ་ཐུབ་ན་སྒྱུར་ཐབས་གཞན་སྤྱོད་ལ་སྐབས་བསྟུན་འགྱུར་བ་གཏོང་བ་ནི་ཐབས་ཀྱི་དམ་པའོ”ཞེས་གསུངས་པ་ལྟར་རོ།

    (བོད་རང་སྐྱོང་ལྗོངས་གློག་བརྙན་སྤྱི་པའི་ཞབས་ཞུ་ལྟེ་གནས་ཀྱི་ཚེ་རིང་བདེ་སྐྱིད)

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།