དབུ་ཤོག>བོད་ཀྱི་རིག་གནས།>མངོན་མིན་རིག་གནས་ཤུལ་བཞག
  • བོད་ལྗོངས་ཆུ་ཤུར་རྫོང་འཇུན་པ་ཉ་གྲོང་དུ།

    མངོན་མིན་རིག་གནས་ཤུལ་བཞག་གིས། ས་མཐོའི་གྲོང་ཚོར་མཛེས་རྒྱན་སྤྲས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཆུང་བདག་སྒྲོལ་དཀར།   |     སྤེལ་དུས།  2026-08-10

    བོད་ལྗོངས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཆུ་ཤུར་གྲོང་རྡལ་འཇུན་པ་ཉ་གྲོང་དུ་བསྐྱོད་ན། སྙན་འཇེབས་ལྡན་པའི་རྔ་སྒྲ་དང་གླུ་སྒྲ་རྣ་བའི་བུ་གར་ལྷང་ལྷང་དུ་གྲགས་ཡོང་།

    གྲོང་ཚོའི་ཐང་ཆེན་དུ་སྐྱེས་པ་མང་པོས་སྐེད་པར་ཚོན་ཁྲ་ཅན་གྱི་ཀོ་གྲུའི་འདྲ་དཔེ་བཏགས་ནས་རྔ་སྒྲའི་འགྲོས་དང་བསྟུན་ནས་ཞབས་བྲོ་འཁྲབ་བཞིན་ཡོད་ཅིང་། བྲོ་དཔོན་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ལྷག་པ་ཚེ་རིང་ཡིན་པ་དང་། བྲོ་འཁྲབ་ནས་ངོ་གདོང་དམར་པོར་གྱུར་པའི་ཁོང་གིས་བྲོ་འཁྲབ་ཀྱིན་གནའ་བོའི་གྲུ་གླུ་སྙན་པོའི་དབྱངས་རྟར་སྐྱོན་བཞིན་མཆིས།

    གྲོང་ཚོའི་མདར་ཡོད་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་བསམ་བཀོད་སྒྱུ་རྩལ་ལྟེ་གནས་སུ། གྲོང་ཚོའི་ཙུའུ་ཀྲང་ཉི་མ་བཀྲ་ཤིས་དང་ཡུལ་མི་ཚོས་ཡུལ་སྐོར་བ་མང་དུས་སུ་སྣེ་ལེན་ཇི་ལྟར་བྱེད་མིན་ཐད་ཀྱི་ཇུས་གཞིར་གྲོས་བསྡུར་བྱེད་བཞིན་འདུག

    “ཀོ་གྲུའི་ཞབས་བྲོར་ཀོ་རྩེད་ཀྱང་ཟེར། འདི་ནི་ཕྱོགས་བཞིའི་སྐུ་མགྲོན་འགུགས་པའི་ང་ཚོའི་གྲོང་ཚོའི་གསེར་གྱི་བྱང་བུ་ལྟ་བུ་རེད། ན་ནིང་འོང་སྐོར་རིང་ཉིན་གཅིག་ལ་བྲོ་ཐེངས་གསུམ་འཁྲབ་པ་ཡིན། ད་ལོ་དེ་བས་མང་བ་འཁྲབ་དགོས་ཀྱི་ཡོད”ཅེས་ལྷག་པ་ཚེ་རིང་གིས་བརྗོད།

    འཇུན་པ་ཉ་གྲོང་ནི་མི་རབས་ནས་མི་རབས་བར་ཉ་འཚོ་རྟེན་དུ་བྱེད་པའི་གྲོང་ཚོ་ཞིག་རེད་ལ། མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཁག་5ལྡན་པའི་སྲོལ་རྒྱུན་གྲོང་སྡེ་ཞིག་ཀྱང་རེད། དེ་ཡང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཀོ་གྲུའི་ཞབས་བྲོ་དང་། རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཀོ་ཆས་བཟོ་རྩལ་དང་འཇུན་པའི་ཉ་ཤའི་གསོལ་སྟོན། དེ་བཞིན་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཀོ་བརྐོས་ལག་རྩལ་དང་ཀོ་མཉེད་ལག་ཤེས་བཅས་ནི་གྲོང་ཚོ་ཆུང་ཆུང་དེའི“རིག་གནས་ཀྱི་རྨང་གཞིར”གྱུར་ཡོད།

    ཀོ་གྲུའི་ཞབས་བྲོའི་ལོ་རྒྱུས་དུས་རབས་17པའི་དུས་དཀྱིལ་བར་ཁུངས་འདེད་ཆོག་ཅིང་། དེ་ནི་དང་ཐོག་ཉ་པས་ཐོན་འབབ་ཡག་པོ་བྱུང་བར་རྟེན་འབྲེལ་དང་གེགས་བར་མེད་པའི་སྨོན་ལམ་འདེབས་པའི་སྐབས་སུ་འཁྲབ་པའི་གླུ་གར་ཞིག་ཡིན་ཞིང་། ད་ཆ་ཕྱོགས་བཞིའི་ཡུལ་སྐོར་བར་སྣེ་ལེན་ཞུ་བའི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་ཏུ་གྱུར་ཡོད།

    ལོ་67ལ་སླེབས་པའི་ཚེ་རིང་ཀོ་གྲུ་བཟོ་བར་མཁས་ཤིང་། ཁོང་གིས་གསར་དུ་བཏིང་པའི་སྣུམ་ནག་ལམ་འགྲམ་དུ་ལངས་ནས་གྲོང་ཚོའི་མདོ་ལ་མཛུབ་མོ་བཙུགས་ཏེ། “ད་ཆ་སྐར་མ་བཅུ་ཕྲག་ཁ་ཤས་ནང་རྫོང་དུ་སླེབས་ཀྱི་ཡོད། དེ་སྔ་ང་ཚོ་ཀོ་གྲུར་བསྡད་ནས་གཙང་པོ་སྒྲོལ་དགོས་པས། མ་མཐར་ཡང་ཆུ་ཚོད་གཉིས་འགོར་བ་མ་ཟད། ད་དུང་གནམ་གཤིས་ལའང་ལྟ་དགོས་ཀྱི་ཡོད”ཅེས་བརྗོད།

    2003ལོར་འགྱུར་ལྡོག་འགྲོ་འགོ་ཚུགས་ཤིང་། བོད་ཀྱིས་གྲོང་གསེབ་ཀྱི་གཞུང་ལམ་ཤར་གཏོང་ལས་གྲྭར་སྐུལ་འདེད་ཤུགས་ཆེན་བཏང་ནས། སྟབས་བདེའི་གཞུང་ལམ་དང་པོ་དེ་གྲོང་མདོ་བར་བསྐྲུན་ཡོད། དེ་ནས་བཟུང་། འཇུན་པ་ཉ་གྲོང་ནི་གཙང་པོས་བསྐོར་བའི“ཁེར་ཆགས་གླིང་ཕྲན”ལྟ་བུ་ཡིན་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།

    2004ལོར་གྲོང་ཚོའི་ལག་ཤེས་བཟོ་པས་ཀོ་ཆས་ལས་སྣོན་མཉམ་ལས་ཁང་བཙུགས། 2006ལོ་ནས་བཟུང་། ཡུལ་མི་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་ས་ཕག་ཁང་པ་ནས་སྤོས། 2017ལོར་རྨང་གཞིའི་སྒྲིག་བཀོད་ཕྱོགས་ཡོངས་ནས་རིམ་སྤོར་བྱས། 2020ལོར་འཇུན་པ་ཉ་གྲོང་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོར་བདམས་པ་དང་། ཆུ་ཤུར་རྫོང་གིས་འཇུན་པ་ཉ་གྲོང་གི་རིག་གནས་ཡུལ་སྐོར་མཉམ་འདྲེས་དང་གྲོང་གསེབ་དར་རྒྱས་ཀྱི་འཆར་གཞི་ལེགས་པར་བཀོད་པ་རེད།

    ལམ་བུ་ཤར་གཏོང་ཐུབ་རྗེས། མགྲོན་པོ་འགུཌ་དགོས་ལ་མགྲོན་པོ་གནས་ཐུབ་པ་དེ་བས་བྱེད་དགོས། 2023ལོ་ནས་བཟུང་། རྫོང་གི་རྒྱབ་སྐྱོར་འོག པད་མ་ལྷ་མཚོའི་འགྲམ་དུ་ཀོ་གྲུ་གཏོང་བའི་བརྗོད་དོན་གཙོ་བོའི་སྒར་ས་བསྐྲུན་ཡོད། སྲོལ་རྒྱུན་གྱི་ཀོ་གྲུ་གཏོང་བར་ཉམས་ལེན་བྱེད་པ་ནས་སྤྲོ་གསེང་གི་ཀོ་གྲུ་བཏང་ནས་ལྟ་སྐོར་བྱེད་པའི་བར་ལས་རྣམ་རིམ་བཞིན་ཕུན་སུམ་ཚོགས་སུ་ཕྱིན་པ་དང་བསྟུན་ནས། ཆེད་ལས་ཚོགས་པ་གདན་དྲངས་ཏེ་མཛུབ་ཁྲིད་བྱེད་ཀྱི་ཡོད་པས། གྲོང་ཚོར“ཀོ་རྩེད་ལ་ལྟ་བ་དང་། ཉ་ཤའི་གསོལ་སྟོན་ལ་རོལ་བ། ཀོ་ཆས་བཟོ་བ། ཀོ་གྲུ་གཏོང་བ”བཅས་ཀྱི་ཡུལ་སྐོར་ལམ་ཐིག་ཅིག་ཆགས་ཡོད་པ་རེད།

    2024ལོ་ནས་བཟུང་། རིག་གནས་ཡུལ་སྐོར་མཉམ་འདྲེས་རྣམ་གྲངས་ཀྱིས་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.2བཏང་ནས་སྡོད་ཁང་སྒྱུར་བཀོད་དང་རི་འཛེག་གི་བགྲོད་ལམ་བཟོ་བ་སོགས་ཡན་ལག་རྣམ་གྲངས་ཁག་9ལེགས་སྒྲུབ་བྱས་ཏེ་རྒྱལ་ཁབ་ཀྱི་A4རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གཏོད་པར་གཞོལ་བཞིན་ཡོད་པ་རེད། གྲོང་ཚོ་ཡོངས་ཀྱི་དུད་ཚང་71སྡོད་ཁང་གསར་པར་སྤོས་ཡོད་པ་དང་སྣུམ་ནག་གཞུང་ལམ་གྱི་གཡས་གཡོན་གཉིས་སུ་ལྗོན་ཤིང་སྔོ་ཐིང་ངེར་སྐྱེས་ཡོད་པ་རེད། 2025ལོར་འཇུན་པ་ཉ་གྲོང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་5ལྷག་ཙམ་ལ་སྣེ་ལེན་ཞུས་པར་མི་རེའི་ཆ་སྙོམས་ལོའི་ཡོང་འབབ་སྒོར་ཁྲི་3.2ཟིན་ཡོད།

    ཡུལ་མི་ཐུབ་བསྟན་ཆོས་འཕེལ་གྱིས་དེ་སྔོན་ཉ་བཟུང་བར་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་1ཙམ་ལས་རག་གི་མེད། ད་ཆ་ཁོང་གིས་མངོན་མིན་རིག་གནས་ཤུལ་བཞག་བཟོ་ཁང་དུ་ཀོ་ཆས་འཚེམ་པ་དང་བཟའ་ཟླས་སྒར་སར་ཞབས་ཞུ་བ་བྱེད་ཀྱི་ཡོད། གསར་དུ་ཉོས་པའི་རླངས་འཁོར་ལ་བསྡད་ནས་ཐུབ་བསྟན་ཆོས་འཕེལ་གྱིས་འཛུམ་དམུལ་དམུལ་ངང“སྔོན་ཆད་ཉ་བྲིན་མི་ཐུབ་པའི་སེམས་ཁྲལ་བྱེད་དགོས་ཀྱི་ཡོད། ད་ཆ་ཡུལ་སྐོར་བ་མང་དྲགས་ནས་ལྕོགས་མི་ཡོང་བའི་སེམས་ཁྲལ་འདུག”ཅེས་བརྗོད།

    “སྒར་བརྒྱབ་ནས་སྡོད་པ་དང་། ཀོ་གྲུ་གཏོང་བ། མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་བྱེད་པ། ཉ་ཤའི་གསོལ་སྟོན་ལ་རོལ་བ་སོགས་ལོ་གཅིག་དུས་བཞིར་ཡུལ་སྐོར་བ་ཡོང་མཁན་ཡོད་པས། ཡུལ་མི་དེ་བས་མང་བར་རིག་གནས་ཡུལ་སྐོར་གྱི་ཕན་པ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད” ཅེས་ཆུ་ཤུར་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཚེ་རིང་ལྷ་མོས་བརྗོད་པ་དང་། ཁོང་གིས། སྔོན་དཔག་བྱས་ན་འདི་ལོ་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་དང་ཡུལ་སྐོར་ཡོང་འབབ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུ་རེད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།