དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ང་སེམས་མ་རྐུ་ན་ཆུང་ཀྱེ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཕུན་ཚོགས་ཚེ་རིང་།   |     སྤེལ་དུས།  2026-08-09

    ཁྱེད་སྐུ་གཟུགས་མི་ཆེ་མི་རྒྱགས་ལ། །

    དབུའི་སྐྲ་ལོ་མི་རིང་སྣུམ་པོ་མ། །

    གདོང་དཀར་གསལ་ཟླ་བར་མཚུངས་པ་ཡི། །

    ན་ཆུང་ཆུང་ང་སེམས་མ་རྐུ་དང་། །


    གསུང་ཕྲ་མོ་མི་ཆེ་སྙན་པོ་མ། །

    ངའི་རྣ་ལ་འཇེབས་པས་བརྗེད་ནུས་མིན།

    རྒྱུད་སྐུད་པར་དམ་ལྷོད་བཏང་རྗེས་སུ། །

    སྒྲ་འགྲིག་པའི་སྒྲ་སྙན་དབྱངས་དང་མཚུངས། །


    འཛུམ་ཤིག་ཤིག་འཛུམ་ཆུང་གྲོལ་དུས་སུ། །

    མཛེས་མཛེས་པའི་མཛེས་ཀོང་གསལ་ལེ་མ། །

    མཛེས་ན་ཆུང་བཞད་མོ་མ་བཞད་དང་། །

    ངའི་ཁྲ་ཆུང་མིག་སེར་ལངས་ནས་ཡོད། །


    སྤྱན་དཀྲི་ག་ཤིག་ཤིག་ཅིག་གི་འོག །

    ཁྲ་ཧྲིག་ཧྲིག་སྤྱན་ཟུང་གཡོ་དུས་སུ། །

    ང་ལྟ་རྒྱ་མཐོང་རྒྱ་ཆེ་ན་ཡང་། །

    རགས་ཞིབ་མོས་མ་ལྟ་རང་ལྟ་རེད། །


    ཁྱེད་བཅུ་དྲུག་ལང་ཚོའི་དཔལ་ལྡན་མ། །

    ངའི་གམ་དུ་མ་བྱོན་རྒྱང་ནས་ཕེབས། །

    ངའི་སྙིང་ཆུང་འཕར་བས་མི་ཚད་ཅིང་། །

    འགྲོ་གོམ་པའི་རང་དབང་ཤོར་ནས་གདའ། །


    ཁྱེད་ཕ་ཡུལ་ལྷ་སར་ལོག་དུས་སུ། །

    ང་བཞག་ནས་མ་འགྲོ་ཁྲིད་རོགས་ཞེས། །

    མནའ་ཆུང་ཆུང་ཞིག་ཀྱང་བཞག་རྗེས་སུ། །

    ད་ཁྱེད་དང་མཉམ་འགྲོ་མཉམ་འདུག་བྱེད། །

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།