དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཆུ་ཕྲན་གྱི་རང་སྒྲ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  གཡུ་ཆུང་།   |     སྤེལ་དུས།  2026-08-09

    ཤང་ཤང་ཆུ་ཕྲན་ཁོང་ལ། །

    ཅ་ཅོ་ཆེ་ཞེས་མ་གསུངས། །

    ལ་ལུང་མང་པོ་བརྒྱབ་ནས། །

    ཐག་རིང་རྒྱང་ལ་ཆས་འགྲོ། །


    ཆུ་མགོ་གངས་ལས་བརྡོལ་ཞིང་། །

    ཆུ་རྔ་རྒྱ་མཚོར་འདྲེས་པ། །

    རི་ཐང་སྒང་གཤོངས་བར་གྱི། །

    ཁུག་པ་སྟོང་ཕྲག་བསུས་ཡོད། །


    སྤང་ཐང་ཡངས་མོའི་གཞོང་ལ། །

    གྱ་གྱུའི་གོམ་སྟབས་བསྒྱུར་ནས། །

    སྤང་ཁའི་དཀར་དམར་མེ་ཏོག །

    འཐུ་བའི་ལས་ལ་བྲེལ་ཡོད། །


    ཚང་ཚིང་ནགས་ཀྱི་ཚལ་ལ། །

    ཡངས་པའི་གོམ་ཁ་བསྒྱུར་ནས། །

    རྐང་འཐུང་གཡུ་ལོའི་ཚོགས་ལ། །

    ཟིལ་པའི་དངོས་གྲུབ་གནང་ཡོད། །


    བྲག་རི་མཐོན་པོའི་དབུས་སུ། །

    མཆོངས་ཤིང་བརྒྱུགས་པ་གནང་དུས། །

    ཞུམ་མེད་སྤོབས་པའི་བར་ནས། །

    ཟོལ་མེད་རང་གཤིས་མངོན་ཡོད། །


    དགུན་གྱི་ལྷགས་བསིལ་གྲང་མོས། །

    ཆབ་རོམ་སྦུབས་ལ་དྲངས་ཡང་། །

    རྒྱང་ལ་ཕྱོགས་པའི་གོམ་ཁ། །

    ལྷོད་པའི་དུས་ནི་མེད་དོ། །


    དབྱར་གྱི་འབྲུག་གི་ཕོ་ཉས། །

    ཆར་པའི་མགྲོན་པོ་བསུ་དུས། །

    ཆུ་མོའི་ལང་ཚོ་རྒྱས་ནས། །

    རི་ཀླུང་གཡུ་ཡིས་བརྒྱན་ཡོད། །


    འགྲོ་བའི་སྐོམ་གདུང་སེལ་ཞིང་། །

    རྩི་ཤིང་ལང་ཚོ་རྒྱས་པ། །

    ཆུ་མོའི་ཐིགས་པ་རེ་རེ། །

    རིན་བྲལ་ནོར་བུ་ཡིན་སོང་། །


    ཀྱག་ཀྱོག་ལམ་ཕྲན་བརྒྱུད་ནས། །

    རྒྱང་ལ་བཞུད་པའི་ཆུ་མོར། །

    ལྡོག་མེད་གོམ་ཁ་ལྡན་ཞིང་། །

    བདུད་རྩིའི་སྨན་ལས་ལྷག་པ། །


    ཉི་མའི་འོད་ཀྱིས་གསོས་ཤིང་། །

    ཟླ་བའི་བསིལ་གྱིས་བསྐྱངས་པས། །

    ཡན་ལག་བརྒྱད་དང་ལྡན་པ། །

    སྐྱེ་འགྲོའི་སྙིང་ནོར་ཡིན་ནོ། །

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།