དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • དགེ་རྒན་ལ་བསྟོད་པའི་གླུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  གནམ་ལྷ་ཚེ་རིང་།   |     སྤེལ་དུས།  2026-08-09

    གཡོ་མེད་ལྷུན་པོ་ཇི་བཞིན་བརྗིད་པའི་སྐུ། །

    རབ་སྙན་ཚངས་པའི་དབྱངས་ལ་འགྲན་པའི་གསུང་། །

    དཀྱེལ་ཡངས་སྙིང་རྗེའི་པད་དཀར་འཛུམ་པའི་ཐུགས། །

    བཤེས་གཉེན་དམ་པར་སྒོ་གསུམ་གུས་པས་འདུད། །


    འཆད་ཁྲིད་བཟང་པོས་ལེགས་ཚོགས་ལམ་དུ་བསྐུལ། །

    རྩོད་པའི་དཔུང་གིས་ཕས་རྒོལ་ཟིལ་གྱིས་གནོན། །

    རྩོམ་པའི་སྨྱུ་གུ་བར་སྣང་གློག་ལྟར་འཁྱུག །

    ལྔ་རིག་ཐུགས་སུ་ཆུད་པ་ངོ་མཚར་ཆེ། །


    ཤེས་བྱའི་བསུང་ཞིམ་འཐུལ་བའི་སློབ་གླིང་ན། །

    བློ་གསལ་ཚོགས་རྣམས་རང་གི་བུ་བཞིན་གཅེས། །

    མ་ལྟར་བརྩེ་བའི་ཕྱག་གིས་སྐྱོང་མཁས་པའི། །

    བཀའ་དྲིན་མཚུངས་མེད་དགེ་བའི་བཤེས་ལ་འདུད། །


    སློབ་གསོའི་ལས་དོན་ཀུན་གྱི་གཙོ་བོར་འཛིན། །

    མི་རིགས་གོང་དུ་འཕེལ་བའི་སྒུལ་ཤུགས་ཏེ། །

    མི་ཡི་རིགས་ཀྱི་རྣམ་ཤེས་བཟོ་བཀོད་པ། །

    དགེ་རྒན་དམ་པའི་སྐུ་ཚེ་བརྟན་གྱུར་ཅིག །

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།