དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཨ་མ་ཚེ་རིང་ལོ་བརྒྱ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཁམས་ཟླ་སྲས།   |     སྤེལ་དུས།  2026-08-09

    ཞེ་གཏིང་བརྩེ་བའི་རྦ་རླབས་ལང་ལོང་དུ་འཕྱུར་དུས། །

    མཛའ་བརྩེའི་རྨུ་ཐག་དཀར་པོ་དམ་དུ་ནི་སྦྲེལ་དུས། །

    བརྗིད་ཆཊ་སྲིད་པའི་མཐའ་ན་ཟླ་བ་བཞིན་ཚེས་པའི། །

    ང་ཡི་ཨ་མ་ཚེ་རིང་བདེ་ཐང་ངང་ཞུགས་རོགས། །


    བློ་སེམས་སྤྲིན་པ་དཀར་པོ་ནམ་མཁའ་ལ་གནས་ཤིང་། །

    འཛུམ་པའི་དགྱེས་ཞལ་གངས་རིའི་གཟི་འོད་ལ་ཕོག་ན། །

    སྐྱེ་ནས་འཆི་བའི་མཚམས་སུ་རང་སྲོག་ལྟར་གཅེས་པའི། །

    ང་ཡི་ཨ་མ་ལུས་བདེ་སེམས་སྐྱིད་ངང་འཚོ་ཤོག །


    འདི་ན་དུས་ཀྱིས་མ་བཅོམ་མཛེས་སྡུག་གིས་འཚོ་དུས། །

    ལྷད་མེད་གཤིས་ཀ་རང་བྱུང་ལྷུན་ཆགས་ཀྱིས་གྲུབ་དུས། །

    ལང་ཚོའི་མེ་ཏོག་ནམ་ཡང་གཟིམས་མེད་དུ་བཞད་ན། །

    ཡིད་ཀྱི་དགའ་དུངས་སྨྲ་བས་བརྗོད་ཀྱིས་ནི་མི་ལངས། །


    སྡེ་ཆེན་དཀྱིལ་འཁོར་གཅིག་གི་མདུན་ས་རུ་བགྲོད་དུས། །

    གཞིས་ཁྱིམ་དྲོན་མོ་ཞིག་གི་གཡང་ནོར་དེ་ཁྱེད་ཡིན། །

    ལང་ཚོ་མ་སྙིལ་དཀར་འཇམ་འཕྱོར་སྒེག་གིས་སྲུང་དུས། །

    བུ་ཕྲུག་བསམ་མེད་ཅིག་གི་རྒྱབ་རྩ་དེ་ཁྱེད་ཡིན། །


    ཁ་འཇམ་ཚིག་འཇམ་ངང་ནས་ང་མིང་ནས་འབོད་དུས། །

    ཕྱག་འཇམ་བྱིལ་བྱིལ་ངང་ནས་འོ་འོ་ཞིག་གནང་དུས། །

    གཞོན་སེམས་ཕལ་པའི་བུ་ང་སྐྱིད་པོ་རང་འདུག་སྟེ། །

    ནམ་ཡང་ཡིད་མཁར་འཆར་བ་ཨ་མ་ཁྱེད་ཡིན་ནོ། །


    ཁྱེད་ཉིད་ནད་མེད་ཚེ་རིང་བདེ་སྐྱིད་ཀྱིས་འཚོ་ན། །

    ང་རང་བས་མཐར་ལུས་ཀྱང་སྐྱོ་དོན་ཞིག་མི་འདུག །

    ལོ་ཟླའི་ཁུར་གྱིས་ནོན་དུས་ལུས་སེམས་ཀྱི་སྟེང་ལ། །

    གཅེས་སྐྱོང་ནན་ཏན་གནང་དགོས་བྱམས་བརྩེ་ཡི་བདག་མོ། །


    ང་ཡིས་རིག་པའི་གནས་སུ་ཡུན་རིང་ཞིག་བརྩོན་ཡང་། །

    ཅི་ནས་མཁས་གྲུབ་ཐོབ་པར་རེ་ལྟོས་ཤིག་བྱས་མེད། །

    ནམ་ཞིག་ཡུལ་དུ་ལོག་པའི་དུས་བཟང་གི་ཆར་ལ། །

    ཁྱེད་རང་བདེ་ལེགས་ངང་དུ་འཚོ་བ་ལ་སྨོན་ཡོད། །


    ཐག་རིང་ཡུལ་གྱིས་བཅད་ཀྱང་བརྗེད་ཐབས་ཤིག་མི་འདུག །

    ལས་ཀྱི་རླུང་བུས་ཁྱེད་རང་ཉེ་ས་རུ་ཁྲིད་བྱུང་། །

    དབྱངས་གསལ་གླུ་རུ་འགུཊ་པའི་བསམ་མེད་ཀྱི་བུ་ངས། །

    ད་ལྟ་ལྷག་ཏུ་དྲན་ཡོང་དྲིན་ཆེན་གྱི་ཨ་མ། །


    ངག་རིག་འགྱུར་ཁུག་ངོམ་པའི་ཐང་ཆེན་དུ་ཆས་ཏེ། །

    ཁྱེད་ཉིད་དྲན་པའི་གདུང་ཡུས་ཚིག་ཕྲེང་རུ་བཀོད་ནས། །

    ཁོར་ཡུག་མཛེས་སྡུག་ཀློང་ནས་རང་ཉིད་ཀྱིས་གྱེར་དུས། །

    ཡིད་ཀྱི་མཚམས་ལ་མ་བཅོས་ངུ་ངག་ཅིག་བརྡོལ་བྱུང་། །


    རྒྱང་རིང་འཕྲིན་པའི་ཡིག་ཆུང་ཕོ་ཉ་ལ་བཏང་ཡོད། །

    སེམས་གཏམ་སྙིང་གི་གླུ་ངག་ལྷན་ཅིག་ཏུ་བསྡེབས་ཡོད། །

    གློ་བུར་བར་ཆད་བཙན་པོས་གཏོར་བརླག་རེ་མེད་ན། །

    མི་རིང་ཁྱེད་ཀྱི་ལག་ཏུ་འཕྲོད་ངེས་ནི་ཡིན་ནོ། །

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།