དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • དབྱར་དུས་ཀྱི་ནོར་བུ་གླིང་ཁ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཚེ་རིང་སྒྲོལ་མ།   |     སྤེལ་དུས།  2026-08-09

    དབྱར་ཟླ་དྲུག་པའི་མེ་ཏོག་གི་འདབ་བརྒྱ་ལྷུག་པོར་གྲོལ་དུས། ནོར་བུ་གླིང་ཁ་ནི་གསེར་ལྡན་མའི་ལྟོ་བར་བཏབ་པའི་རིན་ཆེན་གཡུ་ཡི་ཕྲ་རྒྱན་ཞིག་དང་ཀུན་ནས་མཚུངས་ཤིང་། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་དང་གྲོང་ཁྱེར་གྱི་སྡོད་དམངས་རྣམས་འདོད་ལྡན་གཡུ་སྦྲང་བུང་བ་མེ་ཏོག་གི་ཟིལ་མངར་ལ་ཆགས་པ་ལྟར། གོམ་པའི་འདེགས་འཇོག་གཅིག་རྗེས་གཉིས་མཐུད་ངང་ནོར་བུ་གླིང་ཁའི་ཕྱོགས་སུ་སྒྱུར་བཞིན་མཆིས།

    གཞས་ཚིག་ཅིག་ཏུ། “མི་ཡི་མི་སྣ་འཛོམས་ས། །

    ལྷ་སའི་ནོར་བུ་གླིང་ཁ། །ནོར་བུ་གླིང་ཁ་མེད་ན། །མི་ཡི་མི་སྣ་འཛོམས་ས་མ་རེད། །”ཅེས་པ་ལྟར། གྲོག་ཚང་བརྡོལ་བ་ལྟ་བུའི་མི་ཚོགས་ཀྱི་འདུ་འཛི་ནི་དབྱར་ཟླ་དྲུག་པའི་དཔལ་ཡོན་ལ་རོལ་གྱི་ཡོད་ཅེས་རྗོད་བཞིན་པ་དང་ཨ་ན་མ་ན་རེད། སྒོ་ཆེན་དུ་འཛུལ་མ་ཐག་མེ་ཏོག་གི་དྲི་བསུང་ཕྱོགས་བཅུར་མཆེད་ཅིང་། ལམ་གྱི་གཞོགས་གཉིས་སུ་ཚར་དུ་དངར་བའི་ལྗོན་ཤིང་ལ་ལོ་འདབ་རབ་ཏུ་རྒྱས་པ་དང་། ཁུ་བྱུག་དང་འཇོལ་མོ་སོགས་ཀྱིས་སྐད་སྙན་ལྷང་ལྷང་དུ་སྒྲོག་བཞིན་འདུག མདུན་གྱི་མཚེའུ་རུ་གསེར་ཉ་དང་ངང་ངུར་བག་ཡངས་སུ་རྒྱུ་བ་དང་། པདྨའི་བཅུད་ལ་ཆགས་པའི་བུང་བ་རྣམས་དབྱངས་སྙན་སྒྲོག་བཞིན་འཕུར་ལྡིང་ལ་རྩེན་པ། རྒྱལ་ཁབ་ཕྱི་ནང་གང་ས་ནས་ཡོང་བའི་ཡུལ་སྐོར་བ་མང་པོས་དེ་གའི་མཛེས་ལྗོངས་པར་དུ་ལེན་པ་དང་ཐད་གཏོང་སོགས་ཀྱི་བརྙན་ལམ་ནས་བསྐུར་ཅི་ཐུབ་ལ་འབད་པའི་ཚུལ་ནི། གནས་འདིའི་མཛེས་པ་མ་ལུས་ཨམ་ཕྲག་ཏུ་བཅུག་ནས་ཁྱེར་རྩིས་བྱེད་པ་དང་གཉིས་སུ་མེད་དོ། །

    རྡོ་གཅལ་བརྒྱུད་ནས་ཕར་ལ་ཕྱིན་ན། ཐོག་མར་མིག་ལམ་དུ་མངོན་པ་ནི་སྐལ་བཟང་ཕོ་བྲང་ཡིན་ལ། ཕོ་བྲང་འདི་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་མཆོག་ཆབ་ཞུགས་འཕྲོད་བསྟེན་དུ་ཕེབས་སྐབས་བཞུགས་སྒར་ཕྱི་མ་དང་ནང་མ་ཁག་གཉིས་བསྐྲུན་གནང་བ་ལས་བཞུགས་སྒར་ཕྱི་མ་དེ་ཡིན་པར་གྲགས། དེ་མིན་མཚོ་དཀྱིལ་ཕོ་བྲང་དང་སྤྱན་གསལ་ཕོ་བྲང་སོགས་ཕོ་བྲང་མང་པོ་ཡོད་ལ། རི་མོ་མཁན་གྱི་པིར་རྩེ་ལས་ཐོན་པ་ལྟར་གནས་འདིའི་ཡུལ་ལྗོངས་མཛེས་པར་བརྒྱན་འདུག ཡུལ་དེའི་བགྲེས་སོང་ཚོས་གསུངས་པ་ལྟར་ན། ནོར་བུ་གླིང་ཁའི་སྐྱེད་ཚལ་ནང་དུ་རྭ་སྒྲེང་དང་། ཀོང་པོ། གྲོ་མོ། ལྷོ་ཁ་སོགས་ནས་ཐོན་པའི་ཐང་ཤིང་དང་། ཤུག་པ། གསོམ་ཤིང་དང་གྲོ་བ་ཤིང་། སྨྱུག་མ་དང་གླ་ཚེར་སོགས་རྩི་ཤིང་སྣ་ཚོགས་ཡོད་པར་གྲགས།

    སྔོ་ལྗང་སྡོང་ལོ་རབ་ཏུ་རྒྱས་པའི་ལྗོན་པ་དག་གི་བསིལ་གྲིབ་འོག་ཏུ། གྲོང་མི་ཚོས་གླིང་ཁ་གཏོང་བཞིན་ཡོད་ལ། དགའ་བའི་གཞས་དང་སྐྱིད་པའི་གར་ལ་རྩེན་བཞིན་དབྱར་དུས་ཀྱི་ཉམས་སྣང་མ་ལུས་ཕྱོགས་བཅུར་ཁྱབ་པར་བྱས་ཤིང་། བྱིས་པ་དག་གིས་དབུགས་ལྒང་དང་། སྤོ་ལོ་སོགས་ཕར་དབྱུག་ཚུར་དབྱུག་བྱེད་པའི་རྩེད་མོའི་དགོད་སྒྲ་ནོར་བུ་གླིང་ཁའི་སྐྱེད་ཚལ་གང་སར་གྲགས། དབྱར་དུས་ཀྱི་ནོར་བུ་གླིང་ཁའི་སྐྱེད་མོས་ཚལ་གྱི་བཞིན་རས་ནི་ས་མཐོའི་སྟེང་དུ་སྒྲོ་གུར་ཕུབ་ནས་ཡོད་པའི་མཛེས་ལྡན་རྨ་བྱའི་ཚོགས་དང་ཅི་འདྲའི་འདྲ་ཨང་།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།