འགྱུར་མ་སྤུས་བཟང་ངན་གདེང་འཇོག་གི་ཚད་གཞིའི་སྐོར་རགས་ཙམ་གླེང་བ།
བོད་ཀྱི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་ལོ་ཙཱའི་གཞུང་ལུགས་ཀྱི་འཕེལ་རྒྱུན་ལ་ཕྱིར་ལྟ་ཞིག་བྱས་ཚེ། གྲགས་ཆེ་བའི་ལོ་ཙཱའི་གཞུང་གི་གྲས་སུ་ཞང་བོད་སྐད་གཉིས་སྒྱུར་ཐབས་བསྟན་པའི་ཡིག་སྒྱུར་གྱི་གཞུང་ལུགས《ཤ་རིའི་སྒྲ་འགྲེལ》དང་། བཙན་པོ་ཁྲི་སྲོང་གི་སྐུ་ཚེའི་སྨད་དུ་བསྒྲིགས་པའི་སམ་བོད་ཡིག་སྒྱུར་གྱི་ཚིག་མཛོད་ཐོག་མ《སྒྲ་བྱེ་བྲག་རྟོགས་བྱེད་ཆེན་མོ》 ཁྲི་ལྡེ་སྲོང་བཙན་གྱི་དུས་སུ་བཀས་བཅད་གཏན་ལ་ཕབ་པའི་སམ་བོད་ཡིག་སྒྱུར་གྱི་རིག་པའི་གཞུང་ལུགས《སྒྲ་སྦྱོར་བམ་པོ་གཉིས་པ》 དུས་རབས་བཅོ་བརྒྱད་པའི་སྐབས་ལྕང་སྐྱ་རོལ་པའི་རྡོ་རྗེ་མཆོག་གིས་གོང་མ་ཆན་ལུང་གི་བཀའ་སྤྱི་བོར་བླངས་ནས་བསྒྲིགས་པའི་བོད་སོག་ཡིག་སྒྱུར་གྱི་གཞུང་ལུགས《དག་ཡིག་མཁས་པའི་འབྱུང་གནས》སོགས་ཡོད། གཞུང་ལུགས་དེ་དག་ཁྲོད《སྒྲ་སྦྱོར་བམ་པོ་གཉིས་པའི》གོང་གི་ལོ་ཙཱའི་གཞུང་ལུགས《ཤ་རིའི་སྒྲ་འགྲེལ》ལྟ་བུ་ནི་ཐོས་པ་ཙམ་ལས་དངོས་སུ་མཐོང་མཁན་དཀོན་ལ། 《སྒྲ་སྦྱོར་བམ་པོ་གཉིས་པའི》རྗེས་ཀྱི་ལོ་ཙཱ་དང་འབྲེལ་བའི་གཞུང་ལུགས་དང་མཁས་པའི་བཞེད་ཚུལ་སྤྱིར་ན་གཞུང་ལུགས་དེའི་ཤུགས་རྐྱེན་མི་ཐེབས་པ་མེད་པས། གཞུང་དེ་ཉིད་སྔོན་བྱོན་མཁས་པ་ཀུན་གྱིས་གཙིགས་སུ་འཛིན་པའི་གཞུང་ལུགས་ཡིན་ཞེས་བརྗོད་ནའང་མི་ཆོག་པ་མེད། གཞུང་དེ་ཉིད་ལས། དམ་པའི་ཆོས་བསྒྱུར་བའི་ལུགས་ནི་དོན་དང་ཡང་མི་འགལ་ལ་བོད་སྐད་ལ་ཡང་གར་བདེ་བར་གྱིས་ཤིག་ཅེས་བསྟན་ཡོད། གཞུང་ལུགས་དེ་སམ་བོད་ཡིག་སྒྱུར་ཏེ་དམ་པའི་ཆོས་བསྒྱུར་བའི་ལུགས་དམིགས་སུ་བཀར་ནས་བཏོན་མོད་ཀྱང་། ཁོ་མོས་ལྟར་ན《སྒྲ་སྦྱོར་བམ་པོ་གཉིས་པ》ལས་བསྟན་པའི་འགྱུར་གྱི་ཚད་གཞི་དེས་དེང་སྐབས་ཀྱི་ཡིག་སྒྱུར་གང་འདྲ་ཞིག་གི་ཁྱབ་ཁོངས་སུ་སྤྱད་ཀྱང་སྔར་གྱི་སམ་བོད་ཡིག་སྒྱུར་ལ་ཐོན་པའི་ནུས་པ་ཇི་བཞིན་ད་ལྟའང་གསོན་ཤུགས་དེ་ལྟ་བུ་ལྡན་ཡོད་པ་མ་ཟད། རྒྱ་ཡི་མཁས་པ་ཡན་ཧྥུའུ་ཡི་ལོ་ཙཱའི་ཚད་གཞི་མཐུན་བདེ་སྙན་གསུམ་དང་ཐ་ན་འཛམ་བུ་གླིང་གི་ཡིག་སྒྱུར་རིག་པའི་ཚད་གཞི་དང་ཡོངས་སུ་མཐུན་པ་ཡིན་ཞེས་མགྲིན་པ་གཟེངས་སུ་བཏེགས་ཏེ་ཤོད་ཆོག་པ་འདུག
དང་པོ། མ་ཡིག་ལ་ཇི་བཞིན་བསྟུན་དགོས་པ།
《སྒྲ་སྦྱོར་བམ་པོ་གཉིས་པ》ལས་དོན་དང་ཡང་མི་འགལ་ལ་ཞེས་བསྟན་པ་ལྟར། ལོ་ཙཱའི་ལས་ཀྱི་ཐོག་མ་ནི་ལོ་ཙཱ་བས་མ་ཡིག་གི་བརྗོད་དོན་ཁོང་དུ་ཆུད་པར་བྱ་རྒྱུ་དེ་ཡིན། གལ་སྲིད་མ་ཡིག་ལ་གོ་བ་མཐིལ་ཕྱིན་པ་ཞིག་ལེན་མ་ཐུབ་ན་ཡིག་སྒྱུར་ཕར་བཞག་ཚད་ལྡན་གྱི་ཀློག་པ་པོའི་མིང་ཡང་ཐོབ་པར་དཀའ། དེ་ཡང་། ཆོས་རྗེ་ས་པཎ་གྱི《མཁས་འཇུག》ལས“བོད་ཀྱི་སྐད་ལ་མི་ཤེས་པ། །ཕལ་ཆེར་ཐོས་པ་ཆུང་བའི་སྐྱོན། །འགའ་ཞིག་སྒྱུར་གྱི་བྱེ་བྲག་དང་། །ཡུལ་སྐད་དག་ནི་བསྒྲིབ་པ་ཡོད། །འགའ་ཞིག་རྣམ་གྲངས་ནོར་བ་དང་། །ལ་ལས་ས་མཚམས་འཆུགས་པ་དང་།། ལ་ལ་མུན་སྤྲུལ་གྱིས་བསླད་པས། །ལོག་པར་བསྒྱུར་བར་གོ་བ་དཀའ། །སམ་སྐྲྀ་ཏའི་རྣམ་གྲངས་ཀྱི་སྒྲ། །ལ་ལ་སྔོན་རབས་ལས་བྱུང་བའི། །གཏམ་རྒྱུད་ལེགས་པར་མི་ཤེས་པས། །མིང་གི་རྒྱུ་མཚན་མ་རྟོགས་ནས། །ལོག་པར་བསྒྱུར་བ་ཅུང་ཟད་མཐོང”ཞེས་གསུངས་པ་ལྟར་སྒྱུར་གྱི་སྐྱོན་སེལ་བར་མ་ཡིག་གི་བརྡ་སྤྲོད་དང་། ཚིག་རྒྱན་སྦྱོར་སྟངས། ཐུན་མིན་གྱི་རིག་གནས་བསྟན་དོན། བརྡ་གོམས་སྲོལ་སྦྱོར་ལུགས། མི་རིགས་ཀྱི་ལོ་རྒྱུས་སོགས་འབྲེལ་ཡོད་ཀྱི་ཆ་ལག་ཐམས་ཅད་དཔྱིས་ཕྱིན་པ་སྦྱོང་དགོས། དཔེར་ན་རྒྱ་ཡི་སྲོལ་རྒྱུན་བརྩམས་ཆོས་སྒྱུར་སྐབས། སྐབས་དེ་དུས་ཀྱི་རིག་གནས་རྒྱབ་ལྗོངས་དང་བརྡ་གོམས་སྲོལ་ལ་རྒྱུས་མངའ་ཡེ་ནས་མེད་ན་སྒྱུར་དཀའ་བ་སྟེ། 《ཆུ་ངོགས་གཏམ་རྒྱུད》བོད་འགྱུར་མའི་ནང“茶博士点个泡茶,放在史进面前”བོད་ཡིག་ཏུ“ཇ་ཞུ་བས་ཇ་སྦངས་ནས་ཧྲེ་ཅིན་གྱི་མདུན་དུ་བསྐྱལ”ཞེས་བསྒྱུར་ཡོད། རྒྱ་ཡིག་ནང་གི“博士”ཞེས་པ་དེ་དེང་གི་དུས་སུ་མཚན་གནས་སུ་གོ་མོད་ཀྱང་། གནའ་དུས་སུ་ལས་རིགས་གཅིག་ལ་ཤིན་ཏུ་བྱང་བའི་དཔོན་གནས་ཤིག་ཡིན་སྟེ། ཁྲིམས་ལ་མཁས་པར律学博士དང་རྩིས་ལ་མཁས་པར算学博士ཞེས་འབོད་པ་དང་། ཉེ་རབས་ལས་རིགས་གང་ཞིག་བྱེད་མཁན་གྱི་མིང་དུ་འབོད་ཅིང་ཆང་ཞུ་བར酒博士དང་ཇ་ཞུ་བར茶博士ཞེས་འབོད་ཀྱི་ཡོད། རྒྱ་ཡི་སྔ་སྲོལ་དེ་མི་ཤེས་པར་ཐ་སྙད་དེ་མཚན་གནས་ཁོ་ནར་གོ་བ་བླངས་ནས་བསྒྱུར་ན་ཀློག་པ་པོ་རྨོངས་པར་གྱུར་ངེས། དེ་བཞིན། ཚའོ་ཚའོ་ཡི་སྙན་ངག《ཞུམ་མེད་ཀྱི་བླ་སྲོག》《龟虽寿》ཞེས་པའི་ནང“烈士暮年,壮心不已”ཞེས་པ་དེ་བོད་ཡིག་ཏུ“ཕོ་རྒོད་པོ་རྒས་གྱུར་ཡང་། སྙིང་སྟོབས་ཉམས་མི་སྲིད”ཞེས་བསྒྱུར་དགོས། ཚིག་རྐང་དེའི་ནང་གི་ཐ་སྙད“烈士”ཞེས་པ་དེ་དེང་གི་དུས་སུ་སྔོན་གཤེགས་དཔའ་བོར་གོ་རུང་སྔོན་ཆད་བློ་སྟོབས་ཆེ་བའི་ཞུམ་མེད་སྟོབས་ལྡན་གྱི་སྐྱེས་པར་གོ་བས། ཚིག་རྐང་དེ་སྒྱུར་སྐབས་ད་ལྟའི་སྒྱུར་སྟངས་ཇི་བཞིན་སྒྱུར་ཙ་ན་ཀློག་པ་པོས་ཅི་ཡང་གོ་མི་ཐུབ་པའི་གནས་སུ་ལྷུངས་ངེས། དེར་བརྟེན། ཡིག་སྒྱུར་བྱ་བའི་ཐོག་མ་ནི་མ་ཡིག་གི་བརྗོད་དོན་ཇི་བཞིན་སྒྱུར་དགོས་པ་དང་བརྗོད་དོན་ཇི་བཞིན་སྒྱུར་བར་སྒྱུར་མཁན་གྱིས་ཐོས་བསམ་སྒོམ་གསུམ་མང་ཙམ་བྱེད་དགོས།
གཉིས་པ། འགྱུར་མ་ཁ་གསལ་གོ་བདེ་ཡིན་དགོས་པ།
ལོ་ཙཱའི་བྱ་བའི་དམིགས་ཡུལ་ནི་མ་ཡིག་ལ་མི་བྱང་བའི་ཀློག་པ་པོར་སྟབས་བདེ་སྐྲུན་རྒྱུ་དེ་ཡིན་ཞིང་འགྱུར་མ་དེ་མ་ཡིག་མི་ཤེས་པའི་ཀློག་པ་པོས་བཀླགས་ཀྱང་གོ་བདེ་བ་ཡིན་ན་གཞི་ནས་ལོ་ཙཱ་བའི་འོས་འགན་སྒྲུབ་པ་ཡིན། འགྱུར་མ་ཁ་གསལ་གོ་བདེ་ཡིན་མིན་དེ་སྤྱིར་ན་ལོ་ཙཱ་བས་སྒྱུར་ཐབས་གང་འདྲ་སྤྱད་མིན་དང་འབྲེལ་ཆེ་ཞིང་དོན་སྒྱུར་གཙོ་ཆེ་ན་གོ་བདེ་བ་དང་ཐད་སྒྱུར་བྱེད་དྲགས་ན་གོ་དཀའ་བར་སྣང་བས། འགྱུར་མ་གོ་བདེ་བ་ཞིག་ཡིན་དགོས་ན་ཚིག་མཛོད་ཁོ་ནར་བརྟེན་ཏེ་ཚིག་རྐྱང་བ་ཁོ་ན་སྒྱུར་ནས་མ་བསྡད་པར་དོན་གྱི་ཚན་པ་ཇི་བཞིན་སྒྱུར་དགོས། ལྷག་དོན་རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བར་བརྟེན་རབ་བྱུང་ན་མིང་དང་ཚིག་གི་རིག་གནས་ཀྱི་བསྟན་དོན་ཇི་བཞིན་ཕབ་སྒྱུར་བྱེད་དགོས། རྒྱ་ཡིག་ནང་གི“杀鸡儆猴”དང་། “ 班门弄斧” “张冠李戴” “近朱者赤、近墨者黑”སོགས་ཐད་ཀ་ཐད་སོར་བྱ་དེ་བསད་ནས་སྤྲེའུ་ལ་བསྟན་དང་། ལུའུ་པན་གྱི་སྒོ་མདུན་དུ་སྟ་རེ་འཕྱར། ཀྲང་ཞྭ་ལི་གཡོགས། མཚལ་དང་བསྡོངས་ན་དམར་པོ་དང་རམས་དང་བསྡོངས་ན་སྔོན་པོ་ཞེས་བསྒྱུར་ན། ཀློག་པ་པོས་བརྗོད་བྱའི་ནང་དོན་ཇི་བཞིན་གོ་མི་ཐུབ་པས། དེ་ལས་སྒྱུར་བྱེད་སྐད་ཡིག་གི་རིག་གནས་དང་འབྲེལ་ཏེ་དེ་དག་རིམ་བཞིན་ར་བསད་ལུག་འདར་དང་། སངས་རྒྱས་ལ་ཀ་ཁ་དང་ཉིན་མ་ལ་སྒྲོན་མེ། བོང་བུའི་རྣ་བར་ཆོས་བཤད་པ་དང་བོང་བུའི་རྣ་བར་གསེར་བླུག་པ། གང་ཞིག་གསེར་གྱི་རི་ལ་སྔས་བཅས་ན་དེ་ཡི་འདབ་ཆགས་ཐམས་ཅད་གསེར་དུ་འགྱུར། །གང་ཞིག་དུག་གི་རི་ལ་སྔས་བཅས་ན་དེ་ཡི་འདབ་ཆགས་ཐམས་ཅད་དུག་ཏུ་འགྱུར་ཞེས་བསྒྱུར་ན་གསོན་ཉམས་ལྡན་ཞིང་སྣང་སྙན་ཕྱུག་པས་འགྱུར་མའི་ཀློག་པ་པོ་རྣམས་ཀྱིས་བདེ་བླག་ངང་མ་ཡིག་གི་བསྟན་དོན་རྟོགས་པར་གྱུར་རོ། །
གང་ལྟར་ན་ཡང་། གལ་ཏེ་མ་ཡིག་ལ་བསྟུན་མེད་ན་མཚན་ཉིད་ཚང་བའི་འགྱུར་མ་ཞིག་ཡིན་མི་སྲིད་ལ་འགྱུར་མ་བརྗོད་བདེ་པོ་མེད་ན་ལོ་ཙཱའི་དགེ་མཚན་ཡང་ཐོན་མི་སྲིད། ཕུལ་བྱུང་གི་འགྱུར་མ་ནི་ཕུལ་བྱུང་གི་མ་ཡིག་དང་ཁ་འབྲལ་ཐབས་མེད། བོད་ལ་དར་ཞིང་ཁྱབ་པའི་སངས་རྒྱས་ཀྱི་བསྟན་བཅོས་དང་ཉེ་རབས་དར་ཞིང་རྒྱས་པའི་བརྩམས་སྒྲུང་དང་གསར་འགྱུར་ཡིག་སྒྱུར་སོགས་ཡིག་སྒྱུར་གྱི་ཁྱབ་ཁོངས་གང་ཡིན་རུང་འགྱུར་ཡིག་ལ་ལྟ་མཁན་མང་བའི་རྒྱུ་རྐྱེན་མཐིལ་གཏུགས་ནས་བརྗོད་ན་མ་ཡིག་གི་ནང་དོན་དེས་ཀློག་པ་པོའི་ཡིད་དབང་འཕྲོག་ཐུབ་པས་ཡིན། མ་ལས་བུ་རྫིག་པའི་རྣམ་པ་ཞིག་གཏོད་དགོས་བསམས་ན་དང་ཐོག་མར་མ་ཡིག་ལ་བསྟུན་དགོས་པ་དང་དེ་རྗེས་གཞི་ནས་སྒྱུར་ཐབས་མི་འདྲ་བར་བརྟེན་ཏེ་རང་སོ་སོའི་ཁྱད་ཆོས་ཐོན་པར་བྱེད་དགོས། དེ་འདྲ་བྱུང་ན་ཕུལ་བྱུང་གི་འགྱུར་མ་ཞིག་ཐོན་རྒྱུ་ནི་གདོན་མི་ཟའོ། །
(བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་རྩོམ་སྒྱུར་ལྟེ་གནས་ཀྱི་ཟླ་བ་ཕུར་སྒྲོན)
འབྲེལ་ཡོད་གསར་འགྱུར།