དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • རྒྱ་བོད་གསར་འགྱུར་ཡིག་སྒྱུར་ཁྲོད་ཀྱི་རིམ་གྲངས་དང་ཞེ་ཚིག་ཉིས་བརྩེགས་ཀྱི་འགྱུར་སྐྱོན་འགའ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-07

    གུས་པ་རྒྱ་བོད་གསར་འགྱུར་ཡིག་སྒྱུར་གྱི་ལས་ཀར་གཞོལ་ནས་བགྲང་བྱ་བཅུ་ཙམ་ཕྱིན་ཞིང་། ལོ་འདི་དག་རིང་གི་ལག་ལེན་ཁྲོད་རིམ་གྱིས་རྒྱ་བོད་སྐད་གཉིས་བརྗེ་སྒྱུར་ཁྲོད་ཉམས་མྱོང་ཡང་མི་ཉུང་བ་ཞིག་བསགས་ཐུབ་བྱུང་ལ་ཉིན་ཐོག་ཉིན་བརྩེགས་དང་ལོ་ཐོག་ལོ་བརྩེགས་བརྒྱུད་རྒྱ་བོད་གསར་འགྱུར་ཡིག་སྒྱུར་གྱི་ཡོངས་ཁྱབ་རང་བཞིན་གྱི་ཆོས་ཉིད་གསེད་བཀྲོལ་ཕྱོགས་བསྡུས་རགས་ཙམ་ཐུབ་པ་དང་ཆབས་ཅིག་གསར་འགྱུར་ཡིག་སྒྱུར་གྱི་ལག་ལེན་ཁྲོད་ཡང་སེ་ཐོན་པའི་ཐུན་མོང་གི་གནད་དོན་ནམ་ཡང་ན་འགྱུར་སྐྱོན་དཔེ་མཚོན་འགའ་ཡང་ཤེས་རྟོགས་བྱུང་བས། དེའི་ནང་ནས་འདིར་རིམ་གྲངས་དང་ཞེ་ཚིག་ཉིས་བརྩེགས་ཀྱི་འགྱུར་སྐྱོན་འགའ་ནུས་པས་ལྕོགས་ཚོད་ཀྱིས་བགྲོ་གླེང་ཚུལ་དུ་བརྗོད་པར་བྱའོ།

    གཅིག ཁྱད་གཞི་བརྗོད་པའི་མིང་གི་སྔོན་ལ་རིམ་གྲངས་བརྗོད་པའི་མིང་སྦྱར་བའི་སྐྱོན།

    རྒྱ་ཡིག་ལྟར་ན་གྲངས་ཀ་བརྗོད་པའི་མིང(ཚད་ཚིག)ཁྱད་གཞི་བརྗོད་པའི་མིང་དང་འཇལ་བྱེད་ཀྱི་མིང་གི་སྔོན་དུ་སྦྱོར་དགོས་པ་དང་བོད་ཡིག་ཏུ་དེ་ལས་ལྡོག་པ་ཡིན་ཏེ། གྲངས་ཀ་བརྗོད་པའི་མིང(ཚད་ཚིག)ཁྱད་གཞི་བརྗོད་པའི་མིང་དང་འཇལ་བྱེད་ཀྱི་མིང་གི་རྗེས་སུ་སྦྱོར་དགོས་པ་ཡིན། དཔེར་ན། 一束花、第一顿饭、一斤白糖、一双鞋子ཞེས་པར་རིམ་བཞིན་དུ་མེ་ཏོག་རྐང་གཅིག་དང་། ཟས་ཐུན་དང་པོ། བྱེ་མ་ཀ་ར་རྒྱ་མ་གང་། ལྷམ་ཆ་གཅིག་ཅེས་བརྗོད་དགོས་པ་རེད། འོན་ཀྱང་དེང་དུས་中国人民政治协商会议第四届XXX县委员会第一次会议ཞེས་པ་བུ་ཡིག་ཏུ་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཞི་པའི་XXXརྫོང་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་ཞེས་པ་དང་། XXX县第一届桃花旅游文化节ཞེས་པ་བུ་ཡིག་ཏུ་XXXརྫོང་གི་སྐབས་དང་པོའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་ཞེས་པ་ལྟ་བུ་རིམ་གྲངས་བརྗོད་པའི་མིང་ཁྱད་གཞི་བརྗོད་པའི་མིང་གི་སྔོན་ལ་སྦྱར་ནས་བསྒྱུར་བའི་ཚུལ་གསར་འགྱུར་འགྱུར་ཡིག་ཁག་ཏུ་ཤིན་ཏུ་མང་པོ་མཐོང་རྒྱུ་ཡོད། རྒྱ་ཡིག་གི་བརྡ་སྤྲོད་ཤེས་བྱ་ལྟར་ན་མ་ཡིག་དང་པོའི་རིམ་གྲངས་བརྗོད་པའི་མིང“第四届”ནི་ངེས་བྱེད(定语)དང་། ཁྱད་གཞི་བརྗོད་པའི་མིང“XXX县委员会”ནི་ངེས་གཞི(中心语)ཡིན་པ་ལས། སྐབས་བཞི་པ་དེ་XXXརྫོང་ཨུ་ཡོན་ལྷན་ཁང་གི་སྐབས་བཞི་པ་ཡིན་པ་ལས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྐབས་བཞི་པ་མིན་པ་གསལ་པོར་རྟོགས་ཐུབ། དེ་ག་ནང་བཞིན་མ་ཡིག་གཉིས་པར་ཡང་རིམ་གྲངས་བརྗོད་པའི་མིང“第一届”ནི་ངེས་བྱེད(定语)དང་། ཁྱད་གཞི་བརྗོད་པའི་མིང“桃花旅游文化节”ནི་ངེས་གཞི(中心语)ཡིན་པ་ལས། སྐབས་དང་པོ་དེ་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་གྱི་སྐབས་དང་པོ་ཡིན་པ་ལས་XXXརྫོང་སྐབས་དང་པོ་མིན་པ་གསལ་པོར་རྟོགས་ཐུབ། མ་ཡིག་དེ་གཉིས་བུ་ཡིག་ཏུ་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་XXXརྫོང་ཨུ་ཡོན་ལྷན་ཁང་སྐབས་བཞི་པའི་གྲོས་ཚོགས་ཐེངས་དང་པོ་ཞེས་པ་དང་། རྫོང་ག་གེ་མོའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་དང་པོ་ཞེས་སུ་བསྒྱུར་ན་བོད་རང་གི་བརྡ་སྤྲོད་ལུགས་དང་མཐུན་པ་མ་ཟད་མ་ཡིག་གི་ནང་དོན་དེ་བུ་ཡིག་ཏུ་ཇི་མ་ཇི་བཞིན་མཚོན་ཐུབ་པར་འདོད་དོ།

    གཞན་ཡང་དེའི་ཞོར་ལ་གླེང་འདོད་ཆེ་བ་ཞིག་ནི། མ་ཡིགXXX与XXX有限公司XXX一行座谈ཞེས་པར་བུ་ཡིག་ཏུ་XXXཡིས་XXXཚོགས་པ་ཚད་ཡོད་ཀུང་སིའི་XXXསོགས་དང་བཞུགས་མོལ་གནང་བ་ཞེས་སུ་བསྒྱུར་བར་མིག་གིས་ཕར་བལྟས་པའམ་ཡང་རྣ་བས་ཚུར་ཉན་པ་ཙམ་གྱིས་སྐྱོན་ཆེན་པོ་མེད་པ་ལྟར་སྣང་ཡང་བློ་གཟུ་བོས་བསམ་བློ་བཏང་ཚེ་རྒྱ་ཡིག་ནས་བསྟན་པའི་ནང་དོན་ཡོངས་བོད་ཡིག་ཏུ་ཚུར་ཕབ་མེད་པའི་སྐྱོན་མཆིས་ཏེ། མ་ཡིག་一行ཞེས་པ་འགོ་ཁྲིད་མི་སྣ་ཆེ་གེ་མོས་གཙོ་བོར་བྱེད་པའི་འཚམས་འདྲི་ཚོགས་པར་བརྗོད་ཀྱི་ཡོད་ལ། རྒྱ་ཡིག་ཏུ་主官姓名+一行ནི་ཏང་སྲིད་གསར་འགྱུར་ཁྲོད་ཀྱི་གཏན་ལ་བབས་པའི་བརྗོད་སྟངས་ཤིག་ཡིན། བུ་ཡིག་ཏུ་一行ཞེས་པ་སོགས་སྒྲ་ལ་བསྒྱུར་བར་འགོ་ཁྲིད་པ་དང་ལྷན་དུ་ཡོང་མཁན་ལ་བརྗོད་པ་ལས་ཚོགས་པ་འཚམས་འདྲི་ཡོང་བ་བསྟན་ཐུབ་མེད། ཚིག་དེའི་འགྱུར་ཡང་དག་པར་གུས་པས་བལྟས་ན་XXXཡིས་XXXཚོགས་པ་ཚད་ཡོད་ཀུང་སིའི་XXXབཅས་པ་དང་བཞུགས་མོལ་གནང་བ་ཞེས་སུ་བསྒྱུར་ན་བཞུགས་མོལ་གནང་བའི་བྱ་སྤྱོད་སྤེལ་མཁན་དང་འགོ་ཁྲོད་གཙོ་བོར་བྱེད་པའི་ཚོགས་པ་ཚང་མ་བཞུགས་མོལ་ནང་ཞུགས་ཡོད་པ་མཚོན་ཐུབ་པའོ།

    གཉིས། གྲངས་ཀ་བགྲང་ཚུལ་ནོར་བའི་སྐྱོན།

    དེང་དུས་གསར་འགྱུར་འགྱུར་ཡིག་ཁག་ནང་། མ་ཡིག་31.3万元ཞེས་པར་ཐད་ཀར་སྒོར་ཁྲི་31.3སམ་ཡང་ན་སྒོར་ཁྲི་31དང་3000ལྟ་བུའི་སྒྱུར་ཚུལ་ཐོན་དང་འཐོན་བཞིན་འདུག འགྱུར་དེ་གཉིས་ལ་བལྟས་པ་ཙམ་གྱིས་སྐྱོན་ཆེར་མེད་པ་འདྲ་བ་ཞིག་སྣང་མོད། འོན་ཀྱང་གཟུ་བའི་བློ་ཡིས་དཔྱད་པ་ཞིག་བཏང་ཚེ། འགྱུར་དང་པོར་བོད་པའི་གྲངས་ཀ་བགྲང་ཚུལ་དང་མི་མཐུན་པའི་སྐྱོན་ཡོད་ཅིང་། འགྱུར་གཉིས་པར་ཡིག་ཐོག་ནས་མཚོན་སྟངས་ནོར་བའི་སྐྱོན་ཆ་ཡོད་པ་རྟོགས་ཐུབ། དོན་ངོ་མར་ང་ཚོས་འགྱུར་དང་པོ་དེ་དང་སྒྲ་སྦྱར་མ་སྦྱར་བའི་བགྲང་ཐབས་སྤྱད་དེ་སྒོར་འབུམ་གསུམ་དང་ཆིག་ཁྲི་གསུམ་སྟོང་། ཡང་ན། སྒོར་འབུམ་གསུམ་ཁྲི་ཆིག་སྟོང་གཉིས་ཞེས་དང་། ཡང་མིན་ན། གྲངས་གནས་གྲངས་ཀའི་སྔོན་རྗེས་སུ་སྦྱར་བའི་བགྲང་ཐབས་སྤྱད་དེ་སྒོར་གསུམ་འབུམ་ཆིག་ཁྲི་གསུམ་སྟོང་། ཡང་ན། སྒོར་འབུམ་གསུམ་ཁྲི་ཆིག་དང་སྟོང་གསུམ་ཞེས་སུ་བཅོས་ཆོག་པ་དང་། འགྱུར་གཉིས་པ་ལ་ནི་གྲངས་གནས་མིང་ཁྲི་ལས་མེད་པས་ཁྲིའི་རྗེས་ཀྱི་གྲངས་ཀ་ཚང་མ་ཁྲི་ག་ཚོད་ཡོད་པའི་དོན་དུ་གོ་དགོས་པས་ཁྲི་31ལས་མེད་པའི་ཁར་ད་དུང་3000ཞེས་གྲངས་ཆེན་པོ་ཞིག་སྦྱར་ནས་འགྱུར་ཡིག་ཀློག་པ་པོ་རྣམས་མགོ་འཐོམས་སུ་བཅུག་པའི་ཚོད་དུ་གདའ་བར་སྙམ།

    ལར་རང་རིགས་སྐད་ནང་གྲངས་གནས་ཁྲི་ལས་ཆེ་བར་འབུམ་དང་འབུམ་ལས་ཆེ་བར་ས་ཡ་ཞེས་གཏན་འཇགས་ཀྱི་གྲངས་གནས་བགྲང་སྲོལ་ཞིག་སྔ་མོ་ནས་ཆགས་ཡོད་ཀྱང་གོང་གི་འགྱུར་དང་པོ་ལྟར་དེང་སང་ལོ་ཙཱ་བ་ཚོས་དུང་ཕྱུར་དང་། བྱེ་བ། ས་ཡ། འབུམ་ཞེས་པའི་གྲངས་གནས་ཐ་སྙད་རྣམས་རྒྱང་དུ་དོར་ནས་ཐད་ཀར་རྒྱ་ཡིག་ལྟར་ཁྲི་ག་ཚོད་ག་ཚོད་ཀྱིས་མཚོན་རྐྱང་བྱས་ནས་བོད་ཡིག་གསར་འགྱུར་ཉན་མཁན་གཙོ་བོར་བྱེད་པའི་བོད་པ་རྣམས་ཀྱིས་གོ་བདེ་མི་བདེ་དང་ཤེས་ཐུབ་མི་ཐུབ་ཀྱི་དོན་ལ་ཐུགས་བསམ་བཞེས་མཁན་ནི་ཤིན་ཏུ་ཉུང་ངོ་།

    གསུམ། ཞེ་ཚིག་ཉིས་བརྩེགས་སྦྱོར་བའི་སྐྱོན།

    དེང་སང་གསར་འགྱུར་འགྱུར་ཡིག་ཁག་ཏུ་ཞེ་ཚིག་ཉིས་བརྩེགས་སྦྱོར་བའི་ཚུལ་ཡང་ཧ་ཅང་མང་པོ་ཐོན་དང་འཐོན་བཞིན་ཡོད་པ་སྟེ། དཔེར་ན་མ་ཡིག习近平祝贺中山大学建校100周年ཞེས་པར་བུ་ཡིག་ཏུ“ཞི་ཅིན་ཕིང་གིས་ཀྲུང་ཧྲན་སློབ་ཆེན་བཙུགས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུས་གནང་བ”ཞེས་དང་། མ་ཡིག习近平:坚持在发展中保障和改善民生ཞེས་པར་བུ་ཡིག་ཏུ“ཞི་ཅིན་ཕིང་གིས་འཕེལ་རྒྱས་ཁྲོད་ནས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་དགོས་ཞེས་གསུང་གནང་བ”ཞེས་སུ་བསྒྱུར་བ་ལྟ་བུ། “ཞུས”དང“གསུང”ཞེ་ཚིག་ལ་འཇུག་བཞིན་དུ་ད་དུང་དེའི་ཁར་ཞེ་ཚིག“གནང”ཞེས་པ་འདི་སྦྱར་ན་ཞེ་ཚིག་ཉིས་བརྩེགས་སུ་གྱུར་བས་གུས་པས་བལྟས་ན་དེ་ནི་དགོས་མེད་ཀྱི་ཚིག་རྙོག་ཅིག་ལས་མ་འདས་སྙམ། དེ་བས་ཚིག་འདི་འདྲའི་མཇུག་ཏུ“གནང”ཞེས་པ་འདི་མི་སྦྱར་བར་ཐད་ཀར་རྟེན་འབྲེལ་ཞུས་པ་དང་གསུངས་པ་ཞེས་བྲིས་ན་ཆོག་པར་སྙམ། གཞན་བསྟན་གནང་བ་དང་། བཏང་གནང་བ། བཏོན་གནང་བ། བརྩམས་གནང་བ། བསྒྱུར་གནང་བ། ལོག་ཕེབས་པ་སོགས་ནི་ཞེ་ཚིག་ཉིས་བརྩེགས་སུ་མི་འགྱུར་ཏེ། གང་ལགས་ཞེ་ན་བསྟན་དང་། བཏང་། བཏོན། བརྩམས། བསྒྱུར། ལོག་བཅས་ནི་ཞེ་ཚིག་མ་ཡིན་པས་སོ།

    (བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་ཚེ་ཁོ)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།