བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན་བོད་སྐད་དུ་གོ་བདེར་བསྒྱུར་བའི་ཕན་ནུས་བརྗོད་པ།
དང་པོ། སྔོན་འགྲོའི་གཏམ།
བོད་ཀྱི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ནང་། བོད་སྐད་ཀྱི་བརྙན་འཕྲིན་སྒྱུར་བཟོ་ནི་ནང་སའི་ཕུལ་བྱུང་བརྙན་འཕྲིན་བརྩམས་ཆོས་བརྒྱུད་སྤེལ་དང་རྒྱ་བོད་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་རེད། བོད་ཀྱི་མང་ཚོགས་ཚོས་རྒྱུན་མཐུད་འཁྲབ་ཚན་གྱི་ནང་དོན་ལ་གོ་བ་གསལ་པོ་ལོན་ཆེད། བོད་ཀྱི་ལོ་ཙཱ་བ་རྒན་རབས་ཚོས་བརྙན་འཕྲིན་ཡིག་སྒྱུར་ཐད་ལ་སྐུ་ལས་ཚད་མེད་བསྐྱོན་ཡོད། ཁོང་ཚོ་རྒྱ་བོད་སྐད་ཡིག་གཉིས་ལ་བྱང་ཆ་ལྡན་པ་དང་རྒྱ་ནག་གི་གནའ་བོའི་རིག་གནས་ལ་ཆ་རྒྱུས་ངེས་ཅན་ཡོད་པ་གང་ཞིག བོད་ཀྱི་སྐད་ཡིག་གི་ཁྱད་ཆོས་དང་། མང་ཚོགས་ཀྱི་འཚོ་བའི་གོམས་གཤིས། བསམ་གཞིག་བྱེད་སྟངས་བཅས་ལ་རྒྱུས་མངའ་ཧ་ཅང་གསལ་པོ་ཡོད། དེར་བརྟེན《ཆུ་ངོགས་གཏམ་རྒྱུད》དང《ནུབ་ཕྱོགས་ལ་སྐྱོད་པའི་རྣམ་ཐར》སོགས་བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན་སྒྱུར་སྐབས། ལོ་ཙཱ་བས་མི་མཐུན་ཆ་འགྲིག་དང་ཧོལ་རྒྱུག་སླ་བཅོས་མི་བྱེད་པར་མ་རྩོམ་གྱི་འཁྲབ་ཚན་དང་། མི་སྣའི་གཤིས་ཀ གཏམ་རྒྱུད་ཀྱི་བརྗོད་བྱ་བཅས་གཞི་རྩར་བཟུང་སྟེ་བོད་ཀྱི་ཡུལ་སྲོལ་གོམས་གཤིས་དང་བསམ་བློ་སོགས་ཀྱི་ཁྱད་ཆོས་ལ་བསྟུན་གང་ཐུབ་བྱས་ཡོད།
གཟིགས་མོ་བར་བསྟུན་གང་ཐུབ་བྱས་ཏེ་ཡིག་སྒྱུར་བྱས་པར་བརྟེན། བོད་སྐད་དཔར་མའི་བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན་ལྟ་སྐབས་གཏམ་རྒྱུད་ཀྱི་ནང་དོན་ང་ཚོའི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་སྣང་བ་བྱུང་ཡོད། གཟིགས་མོ་བ་མང་པོ་ཞིག་གིས་དེ་ནི་ནང་སའི་འཁྲབ་ཚན་ཡིན་པ་རྩ་བ་ནས་མི་ཤེས་པར། དེ་ནི་བོད་མིས་འཁྲབ་སྟོན་བྱས་པའི་བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན་ཞིག་ཡིན་ཤག་བྱེད་ཀྱི་ཡོད།
གཉིས་པ། བོད་ཀྱི་ཡུལ་སྐད་དང་བསྟུན་ནས་སྐད་སྒྱུར་གོ་བདེར་བྱས་པ།
གནའ་བོའི་བརྙན་འཕྲིན་འཁྲབ་ཚན་ནང་གནའ་བོའི་ཡིག་སྐད་ཀྱི་ཚིག་གྲུབ་དང་། གོ་དཀའ་བའི་ཡིག་སྐད། གཏིང་ཟབ་པའི་སྙན་ཚིག གནའ་རབས་ཀྱི་ཆེད་སྤྱོད་མིང་ཚིག་མང་པོ་ཡོད། ནང་སའི་གཟིགས་མོ་བ་དཀྱུས་མ་ཞིག་གིས་ནང་དོན་དེ་དག་གོ་བ་ལེན་དཀའ་བས། སྐད་ཡིག་དང་རིག་གནས་ཁོར་ཡུག་ཡོངས་སུ་མི་འདྲ་བའི་མང་ཚོགས་ཀྱི་ངོས་ནས་དེ་བས་བརྗོད་མི་དགོས་པ་ཞིག་རེད། གལ་ཏེ་ཐད་སྒྱུར་ཤུགས་ཆེ་དྲགས་ན་འཁྲབ་ཚན་གྱི་ནང་དོན་གོ་དཀའ་བར་གྱུར་ནས་མང་ཚོགས་ཀྱིས་དགའ་ཞེན་བྱེད་མི་སྲིད།
འཁྲབ་ཚིག་ཡིག་སྒྱུར་ཐད་ལོ་ཙཱ་བས་འཁྲབ་གཞུང་ནང་གི་ཡིག་སྐད་ཀྱི་སྐད་ཆ་ཚང་མ་མང་ཚོགས་ཀྱིས་རྒྱུན་དུ་ཤོད་པའི་སྐད་ཆ་དང་བསྟུན་གང་ཐུབ་བྱས་ཏེ་བསྒྱུར་ཡོད། ལོ་ཙཱ་བས་མི་སྣའི་བསམ་ཚུལ་དང་འཁྲབ་ཚན་གྱི་རྣམ་པ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མཚོན་པར་བྱས་ཏེ་གཟིགས་མོ་བས་ཉེ་འགྲམ་གྱི་མི་ལ་རྒྱུན་གཏན་གྱི་སྐད་ཆ་ཤོད་རེས་བྱེད་པ་དང་འདྲ་བར་མི་སྣའི་བསམ་ཚུལ་དང་འཁྲབ་ཚན་གྱི་ནང་དོན་རྟོགས་ཐུབ་པ་དང་། གཟིགས་མོ་བ་དཀྱུས་མས་ཀྱང་དེའི་ནང་དོན་གོ་ཐུབ་ཀྱི་ཡོད། དེའི་ནང་གི་སྙན་ཚིག་འཁྲབ་ཚན་བལྟ་མྱོང་བའི་ཕོ་མོ་རྒན་གཞོན་མང་པོ་ཞིག་གི་རྣ་བར་འཇགས་ཡོད་མ་ཟད། དེ་དག་བོད་ཀྱི་དམངས་ཁྲོད་ཀྱི་གཏམ་དཔེ་དང་འཚོ་བའི་ལེགས་བཤད་ལ་བརྩིས་ནས། རྒྱུན་གཏན་འཚོ་བའི་ཁྲོད་རྟག་ཏུ་སྤྱོད་ཀྱི་ཡོད་པས། གནའ་གཞུང་རྩོམ་རིག་གི་ནང་དོན་དམངས་ཁྲོད་དུ་དངོས་སུ་དར་ཁྱབ་བྱུང་ཡོད། དཔེར་ན། “心在山东身在吴,飘蓬江海谩嗟吁。他时若遂凌云志,敢笑黄巢不丈夫”ལུས་པོ་ཧྲན་ཏུང་ཡུལ་དུ་གནས་ཀྱང་སེམས་པ་ཅང་ཏུང་ཡུལ་ལ་ཕྱོགས། ལོ་འདབ་རླུང་གིས་ཁྱེར་བ་བཞིན་དུ་ས་མཐར་འཁྱམས་པ་ཡིད་རེ་སྐྱོ། གལ་ཏེ་ཕུགས་འདུན་མངོན་དུ་འགྱུར་བའི་དུས་སྐབས་བཟང་པོ་ཤར་བ་ན། ཧོང་ཁྲའོ་ཁོ་ཡང་ཕོ་རྒོད་མིན་ཞེས་ང་ཡིས་ཁྲེལ་རྒོད་བྱེད་པར་ནུས་ཞེས་པ་ལྟ་བུའི་གོ་བདེ་བའི་སྙན་ཚིག་དེ་དག་མང་ཚོགས་ཀྱི་སེམས་ལ་འཇགས་ཤིང་ངག་ནས་ཐོགས་པ་མེད་པར་འདོན་ཐུབ་ཀྱི་ཡོད།
གསུམ་པ། བོད་ཀྱི་རིག་གནས་དང་བསྟུན་ནས་གོ་བ་ལེན་བདེ་རུ་བཏང་བ།
རྒྱ་ནག་གི་གནའ་གཞུང་གྲགས་ཅན་གྱི་གཏམ་རྒྱུད་རྒྱབ་ལྗོངས་དང་། སྤྱི་ཚོགས་ཀྱི་ལམ་ལུགས། མི་སྣ་བཀོད་སྒྲིག་བཅས་ཚང་མར་ས་ཁོངས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པ་དང་། བོད་ཀྱི་རིག་གནས་དང་སྤྱི་ཚོགས་འཚོ་བའི་ངོས་འཛིན་དང་ཧེ་བག་མངོན་གསལ་དོད་པོ་ཡོད། ལོ་ཙཱ་བ་རྒན་རབས་ཚོས་ལོ་ཙཱའི་བརྒྱུད་རིམ་ནང་ས་གནས་གཉིས་པོའི་རིག་གནས་ཀྱི་ཁྱད་པར་ལ་བརྟག་ཞིབ་གང་ལེགས་བྱས་ཏེ། མ་རྩོམ་གྱི་ནང་དོན་ལ་བཟོ་བཅོས་མི་རྒྱག་པ་དང་མ་རྩོམ་གྱི་བསམ་བློར་འཁྱོག་བཤད་མི་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག བོད་ཀྱི་མང་ཚོགས་ཀྱིས་རྒྱུས་མངའ་མེད་པའི་གནའ་བོའི་རིག་གནས་ཀྱི་ཐ་སྙད་དེ་རྒྱུན་གཏན་འཚོ་བའི་སྐད་ཆ་དང་ཟུང་འབྲེལ་བྱས་ཏེ། མང་ཚོགས་དང་བར་ཐག་རིང་བའི་གནའ་བོའི་རིག་གནས་ཤིག་དང་ལེན་བྱས་ཏེ། དེར་དགའ་ཞེན་དང་འཚོ་བའི་ཁྲོད་བེད་སྤྱོད་བྱས་ཡོད། 《ཆུ་ངོགས་གཏམ་རྒྱུད》ལ་ཆ་མཚོན་ན། འཁྲབ་ཚན་ནང་གནའ་རབས་ཀྱི་དཔོན་གནས་དང་། ལམ་ལུགས། སྒྲིག་སྲོལ། རིག་གནས་སོགས་ནང་དོན་འབོར་ཆེན་ཞིག་ཡོད་པ་དེ་དག་ཚང་མ་གནའ་རབས་ཀྲུང་ཡོན་སྤྱི་ཚོགས་སྐབས་བྱུང་བ་ཡིན་པས། བོད་ཀྱི་མང་ཚོགས་ཚོས་དེ་དག་ལ་གོ་བ་ལེན་ག་ལ་ཐུབ། ལོ་ཙཱ་བས་བོད་ཀྱི་སྲོལ་རྒྱུན་སྤྱི་ཚོགས་ཀྱི་རྩ་འཛུགས་གྲུབ་ཆ་དང་མང་ཚོགས་ཀྱི་གོ་སྟོབས་གཉིས་ཟུང་འབྲེལ་བྱས་ཏེ། གོ་བ་ལེན་ཐུབ་པའི་ཐོབ་ཐང་གི་ཐ་སྙད་དང་རིམ་པའི་ཐ་སྙད་དེ་འཁྲབ་ཚན་ནང་གི་གནའ་བོའི་དཔོན་གནས་དང་དོ་མཉམ་ཡོང་བར་བྱས་ཏེ། མི་སྣའི་ཐོབ་ཐང་དང་། གནས་བབ། འགན་འཁྲི་བཅས་གསལ་བཤད་སྟབས་བདེ་བྱས་ཡོད། དེ་དང་ཆབས་ཅིག 《ཆུ་ངོགས་གཏམ་རྒྱུད》ཀྱི“བདེན་པའི་རྒྱབ་ལངས་བྱེད་པ་དང་། ཉམ་ཆུང་བྱམས་ཀྱིས་སྐྱོང་བ། ངན་པར་རྒོལ་ལན་སློག་པ”བཅས་ཀྱི་བརྗོད་བྱ་གཙོ་བོ་གནད་ལ་འཁེལ་བའི་སྒོ་ནས་མཚོན་ཡོད། བརྗོད་བྱ་གཙོ་བོ་དེ་རང་རེའི་སྲོལ་རྒྱུན་རིག་གནས་ཀྱི་སྡིག་སྤོང་དགེ་སྒྲུབ་དང་། གཞུང་དྲང་སེམས་བཟང་། ཉམ་ཆུང་སྐྱོང་བ་བཅས་ཀྱི་རིན་ཐང་ལྟ་བ་དང་གཅིག་མཐུན་བྱུང་ཡོད། ཡིག་སྒྱུར་བས་ལེང་ཧྲན་ཕོ་རྒོད་ཀྱི་དཔའ་བོའི་གཟུགས་བརྙན་ཇི་བཞིན་མིག་ལམ་དུ་འཆར་ཐུབ་པའི་སྒྱུར་རྩལ་དང་། ནང་དོན་གོ་བདེ་ཞིང་རྟོགས་སླ་བས་མང་ཚོགས་ཀྱིས་བརྩམས་ཆོས་དེ་དག་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།
བཞི་པ། མང་ཚོགས་ལ་བོད་རང་གི་བརྩམས་ཆོས་ཡིན་པའི་ངེས་པ་སྐྱེད་པ།
ད་ཐེངས་ཀྱི་བོད་སྐད་ཡིག་སྒྱུར་ལས་དོན་གྱི་གྲུབ་འབྲས་ཆེ་ཤོས་ནི་ཡིག་སྒྱུར་ཙམ་མ་ཡིན་པར། རྒྱ་ནག་གི་བརྙན་འཕྲིན་འཁྲབ་ཚན་དེ་བོད་ཀྱི་དམངས་ཁྲོད་རིག་གནས་ནང་རྦད་དེ་འདྲེས་ཐུབ་པ་བྱུང་ནས་བོད་མི་རང་གི་བརྩམས་ཆོས་ཡིན་པའི་ངོས་འཛིན་བྱུང་བ་དེ་ཡིན།
དུས་ཡུན་རིང་པོའི་ནང་། བོད་ཡིག་ཏུ་བསྒྱུར་བའི《ཆུ་ངོགས་གཏམ་རྒྱུད》དང《ནུབ་ཕྱོགས་ལ་སྐྱོད་པའི་རྣམ་ཐར》ལྟ་མཁན་མང་ཚོགས་དང་ལྷག་པར་དུ་ཞིང་འབྲོག་པ་མང་ཆེ་བས་རྒྱ་ཡིག་གི་འཁྲབ་ཚན་དངོས་ལྟ་མྱོང་མེད། ཚང་མའི་ངོས་འཛིན་དང་བབ་ཆགས་ཡོད་ཚད་བོད་སྐད་དུ་བསྒྱུར་བའི་པར་གཞི་སྤུས་ལེགས་ལས་བྱུང་བ་ཞིག་རེད། འཁྲབ་ཚིག་གི་སྐད་ཆ་དང་རྒྱུན་གཏན་གྱི་སྐད་ཆ་རྦད་དེ་གཅིག་མཐུན་ཡིན་པ་དང་། སྐད་ཆའི་གོམས་གཤིས་དང་དོན་བརྗོད་ཉམས་འགྱུར་སོགས་ཡོངས་སུ་མཐུན་ཡོད།
གོ་བདེ་ལ་ཟུར་ཆག་གི་སྐད་མེད་པ་དང་བཅོས་སྒྲིག་བྱས་རུང་ནང་དོན་མི་འགྱུར་བ་ཞིག་ཡོང་བ་བྱ་རྒྱུ་ནི་ལོ་ཙཱ་བའི་རྨང་གཞིའི་ཆ་རྐྱེན་ཞིག་ཏུ་འདོད། ལོ་ཙཱ་བས་མ་རྩོམ་ལ་བརྩི་འཇོག་བྱེད་པ་ལས་ས་ཆ་དེ་རང་དང་འཚམ་ཆེད། འཁྲབ་ཚན་གྱི་ནང་དོན་དང་མི་སྣའི་གཟུགས་བརྙན་འཁྱོག་བཤད་བྱས་མེད། ཀྲུང་ཧྭའི་རིག་གནས་ཀྱི་སྙིང་དོན་དང་སྒྱུ་རྩལ་གྱི་རིན་ཐང་ཆ་ཚང་བའི་རྨང་གཞིའི་ཐོག སྐབས་བབ་ཀྱི་ཡུལ་ལ་བསྟུན་ནས་གོ་བདེར་བྱས་པ་ནི་ཧ་ཅང་མཐོ་བའི་ཚད་གཞི་ཞིག་ཡིན། དེ་ནི་ཕྱི་རབས་ལོ་ཙཱ་བས་རྒྱུན་མཐུད་འཁྲབ་ཚན་སྒྱུར་སྐབས་ཚད་འཛིན་གྱི་ཐིག་ཤིང་ལྟ་བུར་འཛིན་པར་འོས་སོ།
(བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་བྱམས་པ་ཚེ་རིང)
འབྲེལ་ཡོད་གསར་འགྱུར།