དབུ་ཤོག>བོད་ཀྱི་རིག་གནས།
  • ལྷོ་པ་རིགས་ཀྱི་ཟློས་གར་ཞབས་བྲོ་ཐོག་མ《དགུང་ཁྲི་གདུགས་ཉི་མ》ཞེས་པ་ལྷ་སར་འཁྲབ་སྟོན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-08-04

      ཟླ་8ཚེས་2ཉིན་གྱི་དགོང་མོར། ལྷོ་པ་རིགས་ཀྱི་ཟློས་གར་ཞབས་བྲོ་ཐོག་མ《དགུང་ཁྲི་གདུགས་ཉི་མ》ཞེས་པ་བོད་ལྗོངས་ཟློས་གར་ཁང་ཆེན་དུ་འཁྲབ་སྟོན་བྱས་ཤིང་། དེ་ནི་ལྷོ་ཁར་འཁྲབ་སྟོན་ཐོག་མ་བྱས་རྗེས་ལྷ་སར་འཁྲབ་སྟོན་བྱེད་ཐེངས་དང་པོ་ཡིན་པ་དང་། ཐུན་མོང་མ་ཡིན་པའི་ལྷོ་པའི་དམངས་སྲོལ་གླུ་གར་དང་བརྗིད་ཆགས་ཉམས་དང་ལྡན་པའི་ལོ་རྒྱུས་སྙན་ངག་གི་གཏམ་རྒྱུད་ཀྱིས་ལྟད་མོ་བ་ཚོར་མི་སེམས་འགུལ་བའི་ས་མཐོའི་རིག་རྩལ་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད།

    འཁྲབ་གཞུང་དེའི་ནང་ལྷོ་པའི་གཞོན་ནུ་མ་ཡཱ་ཤིས་དང་སྲུང་དམག་རྟ་མང་གི་ལས་དབང་གཙོ་རྐང་དུ་བྱས་ནས། ཚོ་པའི་དབར་གྱི་འགལ་ཟླ་སེལ་ཆེད་ཚོ་པ་གཉིས་དབར་གཉེན་སྒྲིག་པ་དང་། ཡཱ་ཤིས་ཐག་རིང་དུ་མནའ་མར་འགྲོ་བའི་ལམ་བར་དང་གཉེན་སྒྲིག་མཛད་སྒོར་ཕྱི་ཕྱོགས་དགྲ་ཡའི་བཙན་འཛུལ་ཕོག་པས། ཚོ་པའི་དབར་གྱི་འགལ་ཟླ་རྒྱང་དུ་དོར་ནས་དཔུང་པ་མཉམ་གཤིབ་ཀྱིས་ཁྱིམ་གཞིས་སྲུང་བའི་ཡིད་སྐྱོ་ལ་རྔམ་བརྗིད་ལྡན་པའི་གཏམ་རྒྱུད་བརྗོད་ཡོད། གར་སྟེགས་ཐོག་རྒྱང་སྐྱོད་ལམ་བུའི་བརྩེ་སེམས་ཟབ་མོ་དང་། སྙིང་སྟོབས་ཆེན་པོས་དགྲ་བོར་འགོག་རྒོལ་གྱི་བརྗིད་ཉམས་ལྡན་པའི་རྣམ་པ་ཡང་ཡང་མངོན་ནས་ལྷོ་པའི་མེས་པོ་ཚོས་ཕ་ཡུལ་བརྟན་སྲུང་བྱེད་པའི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་གསོན་ཉམས་དོད་པོས་མངོན་ཡོད་ལ། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་ལྷོ་པ་རིགས་དམག་འཁྲུག་གི་ཟང་ཟིང་བརྒྱུད་བཅིངས་འགྲོལ་ཐོབ་པ་དང་། 1965ལོར་རང་རྒྱལ་གྱི་མི་རིགས་56གི་གྲས་སུ་ཚུད་ནས་ཞི་བདེའི་འཚོ་བ་གསར་པ་བསུས་པ་དང་། ལྷོ་པའི་བུ་ཕྲུག་ཚོས་མི་རིགས་ཁག་གི་སྤུན་ཟླ་དང་མཉམ་དུ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་པའི་དུས་རབས་ཀྱི་རྣམ་པའང་མཚོན་ཡོད།

    འཁྲབ་སྟོན་གྱི་མགོ་ནས་མཇུག་བར་ལྷོ་པའི་དམངས་སྲོལ་གླུ་གར་གཙོ་བོར་བྱས་ཏེ་གར་སྟེགས་སྒྱུ་རྩལ་ལ་བརྟེན་ནས་གྲངས་ཉུང་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་། གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་མང་ཚོགས་དབར་ཕན་ཚུན་ལྟ་སྐྱོང་དང་སེམས་མཐུན་མཉམ་གནས་ཀྱི་མི་རིགས་མཐུན་སྒྲིལ་གྱི་སྙིང་སྟོབས་གསོན་ཉམས་དོད་པོས་མཚོན་པར་བྱས་ཡོད།

    (གསར་འགོད་པ། བཀྲ་ཤིས་དཔལ་སྐྱིད)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།