དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • རྒྱ་བོད་གསར་འགྱུར་ཡིག་སྒྱུར་གྱི་ཁྱད་ཆོས་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་རྩོམ་སྒྲིག་པུའི་བཀྲ་ཤིས་ཚེ་དབང་།   |     སྤེལ་དུས།  2026-08-02

    འཛམ་གླིང་གི་ཤེལ་དཔལ་དབྱར་གྱི་མཚོ་མོ་རྒྱས་པ་ལྟར་གོང་འཕེལ་འགྲོ་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་། ཡིག་སྒྱུར་གྱི་བྱ་བས་ནུས་པ་བསམ་གྱིས་མི་ཁྱབ་པ་ཐོན་ཡོད། བོད་ཀྱི་སྔོན་བྱོན་ལོ་པཎ་མང་པོས་ང་ཚོར་རིན་ཐང་བྲལ་བའི་འགྱུར་ཡིག་དང་ཉམས་མྱོང་། དེ་བཞིན་རིག་གཞུང་ཕུན་སུམ་ཚོགས་པོ་བཞག་ཡོད། གནའ་རབས་ཀྱི་ཡིག་སྒྱུར་དང་དེང་གི་ཡིག་སྒྱུར་དབར་ནང་དོན་ལ་ཁྱད་པར་ཡོད་ནའང་། དེ་དག་གི་སྒྱུར་ཐབས་དང་རིག་གཞུང་སྐོར་ལ་ང་ཚོས་སློབ་སྦྱོང་དང་དཔྱད་གཞིར་འཛིན་འོས་པ་ཞིག་ཡོད། ཉེ་བའི་ལོ་ཤས་རིང་། གསར་འགྱུར་ཡིག་སྒྱུར་གྱི་ལག་ལེན་དངོས་ནང་ཞུགས་པའི་ཉམས་མྱོང་ཕྲན་ཙམ་བྱུང་བ་དག་ལྷན་རྒྱས་དང་གླེང་མོལ་གྱི་ཚུལ་དུ་ཞུ་རྒྱུ་ཡིན། 

    ཉེ་རབས་གསར་དུ་ཐོན་པའི་གསར་འགྱུར་ཡིག་སྒྱུར་གྱི་བྱ་གཞག་ནི་གཙོ་བོ་ཚགས་པར་དང་། རླུང་འཕྲིན། བརྙན་འཕྲིན་སོགས་བརྒྱུད་དྲིལ་བསྒྲགས་བྱེད་པའི་ལས་དོན་ཞིག་ཡིན། སྤྱིར་ན་རྒྱ་བོད་གསར་འགྱུར་གྱི་ཡིག་སྒྱུར་དེ་ཡང་ཡིག་སྒྱུར་གྱི་ཆོས་ཉིད་དང་མཐུན་པའི་སྒོ་ནས་ཡིག་སྒྱུར་དོན་ལ་གནས་པ་དང་། བརྗོད་པ་བདེ་བ། ཚིག་སྙན་པ་བཅས་དགོས་མོད། འོན་ཀྱང་གསར་འགྱུར་ཡིག་སྒྱུར་བྱ་བ་དེ་རྩོམ་རིག་ཡིག་སྒྱུར་དང་གཏན་ནས་མི་འདྲ་བར། དེར་རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་པོ་ལྡན་ཡོད།

    གཅིག མྱུར་བའི་ཁྱད་ཆོས་ལྡན་པ། 

    སྤྱིར་ན་གསར་འགྱུར་ལ་མྱུར་བའི་ཁྱད་ཆོས་ལྡན་ཡོད། དེས་ན་སྐད་རིགས་གཅིག་གི་གསར་འགྱུར་སྐད་རིགས་གཞན་ཞིག་ཏུ་སྒྱུར་སྐབས་ཀྱང་དེར་མྱུར་བའི་ཁྱད་ཆོས་ལྡན་ཡོད། རྒྱ་བོད་གསར་འགྱུར་ཡིག་སྒྱུར་ལ་ཆ་མཚོན་ན། གསར་འགྱུར་ཡིག་སྒྱུར་གྱི་ལས་དོན་པ་ཚོས་གང་ཐུབ་ཅི་ཐུབ་ཀྱིས་རྒྱ་ཡིག་གསར་འགྱུར་དེ་བོད་ཡིག་ཏུ་ཕབ་སྒྱུར་བྱས་ནས་དུས་ཐུང་ནང་རྒྱ་ཆེའི་ཀློག་པ་པོའི་སྤྱན་ལམ་དུ་འབུལ་དགོས་ཀྱི་ཡོད། དེ་ཡང་ཐོན་མ་ཐག་པ་དང་ཐོན་བཞིན་པའི་གནས་ཚུལ་དག་དུས་ཐོག་ཏུ་བོད་ཡིག་ལ་བསྒྱུར་ནས་རྒྱ་ཆེའི་བོད་རིགས་ཀློག་པ་པོའི་སྤྱན་ལམ་དུ་འདྲེན་དགོས་ཀྱི་ཡོད། ད་དུང་དམིགས་བསལ་གྱི་སྐབས་དོན་གསར་འགྱུར་ལམ་ཡང་ན་རྒྱལ་སྤྱི་རྒྱལ་ནང་གི་གནས་ཚུལ་གསར་ཤོས་དང་དོན་སྙིང་ཧ་ཅང་ཆེ་བའི་གནས་ཚུལ་ཡིན་ཕྱིན། དུས་ཚོད་ཐུང་ཐུང་ནང་སྒྱུར་ཚར་བ་བྱས་ཏེ་ཚགས་པར་དང་། རླུང་འཕྲིན་དང་། བརྙན་འཕྲིན་བཅས་བརྒྱུད་དྲིལ་བསྒྲགས་བྱེད་དགོས་ཀྱི་ཡོད། དེས་ན་གསར་འགྱུར་ཡིག་སྒྱུར་ལ་མྱུར་བའི་རང་བཞིན་ལྡན་པའི་དབང་གིས་དེ་རྩོམ་རིག་ཡིག་སྒྱུར་དང་ཅུང་མི་འདྲ་བར་སྒྱུ་རྩལ་གྱི་གསོན་ཉམས་སྟོན་ཁོམ་མེད་ལ། གསར་འགྱུར་ནི་མངོན་བརྗོད་དང་རྒྱན་ཚིག་སོགས་སྦྱོར་ཡུལ་མིན། མ་འོངས་པར་ཆ་མཚོན་ན། རྒྱ་བོད་གསར་འགྱུར་གྱི་ཡིག་སྒྱུར་བྱ་གཞག་ཐད་སྒྱུར་བྱའི་ནང་དོན་བོད་ཡིག་ཏུ་སྔར་བས་མགྱོགས་པ་སྒྱུར་དགོས་པ་དང་ཡང་དག་པོ་དགོས་པ་ནི་གསར་འགྱུར་ཡིག་སྒྱུར་བར་འཕྲད་པའི་གནད་དོན་ཞིག་ཡིན། 

    གཉིས། ཕྱོགས་བསྡུས་བྱང་ཚད་དགོས་པ།

    གསར་འགྱུར་ཡིག་སྒྱུར་བ་ཞིག་ཡིན་ཕྱིན་སྤྱིར་ན་རྒྱལ་ཕྱི་རྒྱལ་ནང་གི་སྐབས་དོན་ཆབ་སྲིད་ལ་རྒྱུས་མངའ་ཡོད་དགོས་པ་དང་། ལོ་རྒྱུས་ཐོག་གི་བྱ་དངོས་དང་མི་སྣ་སོགས་ངོ་སྤྲོད་བྱེད་སྐབས་དེའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་ཐོག་མའི་མི་མིང་ས་མིང་དང་དོན་རྐྱེན་གྱི་བྱུང་རིམ་སོགས་ཕྱོགས་བསྡུས་ཀྱི་ཤེས་བྱ་ཁོང་དུ་ཆུད་པ་དགོས་ཤིང་། དེ་ལྟར་བྱུང་ན་བོད་སྐད་དུ་བསྒྱུར་བའི་གསར་འགྱུར་གྱི་ནང་དོན་བརྗོད་བྱ་དོན་དང་མི་འགལ་ཞིང་། བརྗོད་བྱེད་སྐད་ལའང་གོ་བདེ་བ་ཞིག་བྱུང་ནས་ཀློག་པ་པོ་དང་གསན་པ་པོས་བརྗོད་བྱའི་ནང་དོན་ཧྲིལ་པོ་རྟོགས་སླ་བ་མ་ཟད་དྲིལ་བསྒྲགས་ཀྱི་ནུས་པ་ཡང་དེ་བས་ཡག་པ་ཐོན་ཐུབ་ཀྱི་རེད། གསར་འགྱུར་ལས་རིགས་ཀྱི་ཡིག་སྒྱུར་བ་ཞིག་ཡིན་ཕྱིན་ཕྱོགས་བསྡུས་ཀྱི་ཤེས་བྱ་ཕུན་སུམ་ཚོགས་པོ་དགོས་ཤིང་། དཔེར་ན། ཞིང་འབྲོག་ལས་དང་འབྲེལ་བའི་གསར་འགྱུར་ཞིག་ཕབ་སྒྱུར་བྱེད་སྐབས་ཕྱུགས་རིགས་ཀྱི་ལོ་གྲངས་བརྩི་སྟངས་སོགས་ནས་བརྩིས་ཏེ་དབྱར་དགུན་སྟོན་དཔྱིད་ཀྱི་དུས་བཞིའི་སོ་ནམ་བྱེད་ལུགས་དང་འབྲོག་པའི་རུ་སྐྱས་སྤོ་ལུགས་དང་བེའུ་ལུག་སྐྱེ་བསུ་སོགས་ཞིང་འབྲོག་ལས་ཀྱི་སྐོར་ལ་རྒྱུས་མངའ་ཡོད་དགོས། གཞན་ཡང་། གསར་འགྱུར་ཡིག་སྒྱུར་ནི་ཕབ་བསྒྱུར་སྤྱིར་བཏང་ཙམ་ཞིག་མ་ཡིན་པར་རྩོམ་སྒྱུར་གྱི་བརྒྱུད་རིམ་ཞིག་ཀྱང་ཡིན་པས་ལོ་ཙཱ་བར་གསར་འགྱུར་ཤེས་བྱ་སོགས་སྣ་མང་ཤེས་བྱ་ངེས་ཅན་ཞིག་ལྡན་དགོས་པ་དང་། བོད་ཡིག་གསར་འགྱུར་ལྟ་ཀློག་བྱེད་མཁན་ནི་བོད་མི་དང་བོད་ཡིག་ཤེས་མཁན་གྱི་སྐྱེ་བོ་རྣམས་ཡིན་པས། ལོ་ཙཱ་བས་ཐོག་མར་མ་ཡིག་དང་འགྱུར་ཡིག་གི་རིག་གནས་རྒྱབ་ལྗོངས་དང་རྣམ་པ་མི་འདྲ་བ་སོགས་གསལ་རྟོགས་བྱེད་དགོས་པའི་ཁར་གསར་འགྱུར་གྱི་ནང་དོན་ཁ་གསལ་གོ་བདེར་བསྒྱུར་ཏེ་བོད་རིགས་སུ་ཞིག་གིས་བཀླགས་ཀྱང་གོ་བ་ལེན་ཐུབ་པ་ཞིག་དགོས་ངེས་རེད་ལ། ལྷག་པར་དུ་བོད་སྐད་ཡིག་གཅིག་པུ་ལས་སྐད་ཡིག་གཞན་མི་ཤེས་མཁན་ཞིག་གིས་ཀློག་སྐབས་ནང་དོན་འཕྱུགས་མེད་རྟོགས་ཐུབ་པ་ཞིག་གི་ཁྱད་ཆོས་ངེས་པར་ལྡན་དགོས་སོ། གསར་འགྱུར་ཡིག་སྒྱུར་གྱི་ཁྱད་ཆོས་དང་དཀའ་གནད་གཞན་ཞིག་ནི་དུས་ཚོད་དམ་ཞིང་བྲེལ་བ་དང་། ཚིག་གསལ་ཞིང་བསྡུས་པ་ཞིག་དགོས་སྟབས་འབྲེལ་ཡོད་ལས་རིགས་ཀྱི་རམ་འདེགས་དང་གཅིག སྒྱུར་པ་པོ་རང་ངོས་ཀྱི་ལས་མཁོའི་ཤེས་བྱ་ཕུན་སུམ་ཚོགས་པོ་དང་གཉིས། སྒྱུར་པ་པོའི་ལས་ཀའི་འགན་སེམས་དང་གསུམ་བཅས་དགོས། ཡང་སྒོས་སུ་གསར་འགྱུར་ཡིག་སྒྱུར་བྱེད་མཁན་ཞིག་གི་ངོས་ནས་བརྗོད་ན། གསར་འགྱུར་གྱི་ངོ་བོ་དང་དུས་ཚོད་ཀྱི་སྐབས་བསྟུན་དགོས་མཁོ་བཞིན་བསྒྱུར་བྱའི་ནང་དོན་མདོ་འདྲིལ་པོ་ཞིག་རྒྱས་སུ་གཏོང་བའི་ཐབས་རྩལ་ཡོད་དགོས་ལ། ཡང་ཡིག་རྫོབ་ཆེ་བའི་གསར་འགྱུར་ཞིག་སྙིང་བསྡུས་སམ་མདོར་བསྡུས་སུ་བསྒྱུར་བའི་ཐབས་རྩལ་ཞིག་ངེས་པར་དུ་ཡོད་དགོས། དེའི་ཕྱིར་གསར་འགྱུར་ཡིག་སྒྱུར་བ་ནི་ཡིག་སྒྱུར་ཙམ་པོ་བ་ཞིག་ཡེ་ནས་མིན་པར་གསར་འགྱུར་རྩོམ་སྒྲིག་པ་ཞིག་ཀྱང་ངེས་པར་ཡིན་དགོས།

    གསུམ། མང་ཚོགས་དང་འབྲེལ་འདྲིས་ཆེ་ཤོས་ཡིན་པ། 

    གཞི་རིམ་གྱི་རྒྱ་ཆེའི་མང་ཚོགས་ལ་ཆ་མཚོན་ན། རིག་གནས་ཆུ་ཚད་དེ་ཙམ་མཐོ་པོ་མེད་ལ་ཡིག་རྨོངས་བ་མི་ཉུང་བ་ཞིག་ཡོད། མ་གཞི་སློབ་གྲྭར་ཅུང་ཟད་འགྲོ་མྱོང་བ་ཚོས་ཚགས་པར་ལྟ་ཀློག་ཐུབ་ཀྱང་། རྩོམ་ཡིག་ཀློག་སྐབས་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད། ཡིན་ནའང་གསར་འགྱུར་ཡིག་སྒྱུར་ནི་བོད་ཡིག་གི་བརྡ་སྤྲོད་གཞུང་དང་མཐུན་པའི་ཁ་སྐད་ལྟ་བུ་ཡིན་སྟབས་རིག་གནས་ཆུ་ཚད་མཐོ་དམན་མེད་པར། སྤྱིར་ན་མང་ཚོགས་མང་ཆེ་བས་གོ་དོན་རྟོགས་ཐུབ། རྒྱ་བོད་གསར་འགྱུར་ཡིག་སྒྱུར་བྱེད་སྐབས་སྤྱིར་བཏང་ཡིག་ཐོག་ནས་ཁུངས་སྐྱེལ་ཐུབ་པའི་ཡིག་སྐད་དམ་ཡང་ན་ཁ་སྐད་དང་ཐག་ཉེ་ཤོས་སུ་བསྒྱུར་ཏེ་རྒྱ་ཆེའི་མང་ཚོགས་དང་ཐག་ཉེ་ཤོས་ཀྱི་དྲིལ་བསྒྲགས་པར་འགྱུར་བར་བྱེད་དགོས། གལ་ཏེ་གསར་འགྱུར་ཡིག་སྒྱུར་བྱེད་སྐབས་ཐ་སྙད་མཁྲེགས་པོ་དང་རྒྱན་ཚིག་སྦྱར་ཚེ། རྒྱལ་ཁབ་ཀྱི་ཆབ་སྲིད་གནས་ཚུལ་དང་རྒྱལ་སྤྱིའི་ཐོག་གི་གནས་ཚུལ་མང་པོ་ཞིག་རྒྱ་ཆེའི་མང་ཚོགས་ཚོས་ཤེས་རྟོགས་ཁག་པོ་ཡོང་བ་མ་ཟད། ང་ཚོའི་གསར་འགྱུར་ལས་རིགས་ཀྱི་ནུས་པ་གང་ལེགས་ཐོན་མི་ཐུབ་པ་དང་། ཐ་ན་བྱ་བ་འགའ་ཞིག་མང་ཚོགས་ཀྱིས་གོ་བ་ལོག་སྒྲུབ་བྱེད་ཉེན་ཆེ། དེས་ན་གསར་འགྱུར་ཡིག་སྒྱུར་བྱེད་སྐབས་མང་ཚོགས་ཀྱིས་གོ་གང་བདེ་དང་ཤེས་གང་ཐུབ་བྱ་རྒྱུ་ནི་གསར་འགྱུར་ཡིག་སྒྱུར་ཁྲོད་ཀྱི་གནད་དོན་གལ་ཆེན་ཞིག་རེད་སྙམ། གལ་ཏེ་མང་ཚོགས་དང་ཐག་ཉེ་ཤོས་དུ་གྱུར་ཐུབ་ཚེ། གནས་ཚུལ་གསར་པ་དག་མང་ཚོགས་ཀྱིས་ཤེས་ཐུབ་པ་དང་ཤེས་བྱ་གསར་པ་མཁོ་འདོན་བྱེད་རྒྱུར་ནུས་པ་མི་དམན་པ་འདོན་ཐུབ། 

    བཞི། བརྗོད་བྱའི་ནང་དོན་ལ་དོ་སྣང་བྱེད་དགོས་པ། 

    སྤྱིར་ཡིག་སྒྱུར་གྱི་ཚད་གཞི་དམའ་ཤོས་ནི་མ་མཐར་ཡང་ནང་དོན་གསལ་རྟོགས་བྱུང་བའི་རྨང་གཞིའི་ཐོག་སྒྱུར་ཡིག་གི་བརྗོད་བྱའི་ནང་དོན་འཁྲུལ་མེད་སྟོན་པ་ཞིག་ཡིན་དགོས་ལ། ཡིག་སྒྱུར་གང་འདྲ་ཞིག་ཡིན་རུང་བརྗོད་བྱའི་ནང་དོན་ནི་བརྩམས་བྱ་གང་དེའི་སྲོག་ཤིང་ལྟ་བུ་ཡིན། ལྷག་དོན་དུ། ང་ཚོ་གསར་འགྱུར་ཡིག་སྒྱུར་བའི་ངོས་ནས་བརྗོད་ན། ཉིན་རེའི་གསར་ཐོན་གྱི་གསར་འགྱུར་གང་ཡིན་པ་དེ་འཁྲུལ་བ་མེད་པའི་སྒོ་ནས་ཀློག་པ་པོའམ་གསན་པ་པོའི་མིག་ལམ་མམ་སྙན་ངོར་འབུལ་དགོས་རྐྱེན། རྒྱ་ཡིག་གི་ཚིག་སྦྱོར་ཁྱད་ཆོས་དང་རྒྱ་ཡིག་གི་མིང་ཚིག་བེད་སྤྱོད་བྱེད་སྟངས་བྱེད་ལུགས་སོགས་བྱང་ཞིང་ཁོང་དུ་ཆུད་པར་བྱས་ནས་དེ་དག་གི་བརྗོད་བྱའི་ནང་དོན་དངོས་དེ་གསལ་རྟོགས་བྱུང་རྗེས། བོད་ཡིག་གི་ཚིག་གི་འགྲོ་སྟངས་དང་སྐད་ཆའི་ཤོད་སྟངས་ཀྱི་སྒོ་ནས་ཀློག་པ་པོར་གོ་བདེ་ཞིང་ཉན་སྤྲོ་བ་ཞིག་ཡོང་བ་བྱ་དགོས་པ་ལས། ཆུ་སྣ་གང་འཁྲིད་ཀྱི་ གནས་སུ་མི་ལྷུང་བ་བྱ་རྒྱུ་ནི་གལ་ཆེའོ། རྒྱུན་ལྡན་ང་ཚོའི་གསར་འགྱུར་ཡིག་སྒྱུར་ལས་དོན་ཁྲོད་ནོར་འཁྲུལ་གྱི་ཆ་མང་པོ་འཕྲད་ཀྱི་ཡོད་པ་དཔེར་ན།“开创新的篇章”ཞེས་པར་ཤོ་ལོ་ཀ་གསར་པ་ཞིག་གཏོད་པ་ཞེས་བསྒྱུར་ཡོད་པས། དེ་དག་ནི་ང་ཚོ་གསར་འགྱུར་ཡིག་སྒྱུར་བྱེད་མཁན་གྱི་བརྗོད་བྱའི་ནང་དོན་གསལ་པོ་རྟོགས་མེད་པ་མ་ཟད། གང་འདོད་ལྟར་སྒྱུར་བ་ཞིག་ཡིན་པས། ནོར་འཁྲུལ་དེ་རིགས་ལ་རྟག་ཏུ་ཡོ་བསྲང་ནན་ཏན་མ་བྱས་ན་རང་ཉིད་ངོ་ཚའི་གནས་སུ་ལྷུང་རྒྱུ་ནི་སྨོས་མི་དགོས། གཞན་ཡང་། རྒྱ་སྐད་དུ“黄色书”“红色基因”ཞེས་པར་དེབ་སེར་པོ་དང་དམར་པོའི་རྒྱུད་གཞི་ཞེས་ཐད་སྒྱུར་བྱས་ན་བརྗོད་བྱའི་ནང་དོན་གཙོ་བོ་དེ་གོ་ནོར་ཐེབས་ངེས། དེ་ཡང“黄色书”“红色基因”ཞེས་པ་ལྟ་བུ་གསར་འགྱུར་ཡིག་སྒྱུར་ནང་དེང་སྐབས་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་བྱུང་བའི་མིང་ཚིག་གསར་པ་མང་དག་ཞིག་འཕྲད་སྲིད་པས། དེ་རིགས་ཡིག་སྒྱུར་བྱེད་སྐབས་ཚིག་དོན་མི་གསལ་བ་དང་། གོ་བརྡ་འཕྲོད་དཀའ་བ། ཁྱབ་ཆུང་བའི་སྒྱུར་ཡིག་སྤངས་ཏེ་བརྗོད་བྱའི་ནང་དོན་དངོས་ལ་གཞིགས་ནས། སྤྱི་ལ་ཁྱབ་ཆེ་བའམ་ཐུན་མོང་གི་གྲུབ་ཆ་ལྡན་པའི་སྒྱུར་ཡིག་བེད་སྤྱོད་གང་ལེགས་བཏང་ནས་བོད་ཡིག་རང་གི་བརྡ་སྤྲོད་གཞུང་ལུགས་གཞིར་བཟུང་ཡུལ་དུས་དང་། སྒྱུ་རྩལ། འཇིག་རྟེན། ལུང་རིགས་སོགས་དང་མི་འགལ་བའི་སྒོ་ནས་གོ་དོན་རྟོགས་སླ་བ་ཡོང་ཐབས་ལ་འབད་དགོས་སོ།


    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།