གཞིས་ཀ་བསམ་གྲུབ་རྩེ་རྫོང་གི་ངོ་མཚར་བཀོད་པ།
རིག་འཛིན།
སྐྱེད་མོས་ཚལ་བཞིའི་འཆི་མེད་ར་བ་ན། །
ངོ་མཚར་བཀོད་པ་སྟོང་གིས་ཡོངས་ཕྱུག་པ། །
འདི་ཀོ་བི་ཤྭ་ཀརྨས་བཞེངས་པ་འམ། །
ཡང་ན་རྣམ་རྒྱལ་ཁང་བཟང་འཕོས་སམ་ཅི། །
གསེར་སྦྱངས་བཙོ་མས་ལེགས་གྲུབ་རྒྱ་ཕིབས་དང་། །
བྱ་གཡབ་གནྫིར་དང་སིལ་སྙན་དང་། །
དྲ་བ་དྲ་ཕྱེད་རི་དྭགས་ཆོས་འཁོར་སོགས། །
བཀོད་ལེགས་ཁང་བཟང་འདི་ཉིད་མཁའ་ན་འགྱིངས། །
ཨེ་མ་ཡིད་འཕྲོག་གཞལ་ཡས་ཁང་འདིའི་རྩེར། །
རྒོད་པོའི་ཚོགས་རྣམས་གཤོག་སྒྲོ་འདར་བཞིན་དུ། །
རེ་ཞིག་དབུགས་ཀྱང་ཧད་དེ་ངལ་གསོ་བྱེད། །
མཁའ་ལ་བཙུགས་པའི་ཐེམ་སྐས་འདི་ཙམ་ཉིད། །
བསམ་པའི་དོན་མཆོག་ཐུགས་ཀྱི་མེ་ལོང་བཞིན། །
གྲུབ་ཅིང་རྫོང་མཁར་རྣམས་ཀྱི་མཐའ་མའི་གཞིས། །
རྩེ་གྲ་འདི་ཡི་མཆོར་སྒེག་དཔལ་ཡོན་ལ། །
རྫོང་མཁར་གཞན་གྱིས་འགྲན་པའི་སྐལ་བ་ཕྲ། །
ལྟ་བས་མི་ངོམས་གང་དེའི་མཛེས་ཆོས་ཀྱིས། །
བདག་གི་ཡིད་དབང་རབ་ཏུ་འཕྲོག་གྱུར་པས། །
འདྲེན་བྱེད་གནམ་ལ་ལྟ་བའི་སྐད་ཅིག་མར། །
མགོ་ཡི་ཞྭ་ཡང་དབང་མེད་ལྟུང་ལ་ཁད། །
འབྲེལ་ཡོད་གསར་འགྱུར།