ཕ་མའི་བཀའ་དྲིན་ཡང་ཡང་དྲན།
བན་ཤུལ་དཔལ་ལོ།
ངའི་དྲིན་ཆེན་ཕ་མ་ཉི་ཟླ་དབྱེར་མེད་ཡིན། །
སྐྲ་དཀར་པོ་མཐོང་ན་ཡིད་སེམས་འཁྱག་སིབ་སིབ། །
ཆུང་བྱིས་པའི་དུས་ནས་སེམས་ཀྱིས་གཉོར་ནི་རེད། །
དྲིན་གཞལ་བར་དཀའ་ཡང་དུངས་བ་ཇེ་ལྷག་རེད། །
ལོ་རྒས་པའི་ཕ་མ་ལ་ཁའི་ཉི་མ་རེད། །
དྲིན་བསམས་ནས་སྲི་ཞུ་གང་ལེགས་མ་བསྒྲུབས་ན། །
ལས་རྒྱུ་འབྲས་རྒྱ་མས་ཐེག་ཚོད་མ་མཆིས་པས། །
མིག་མཆི་མས་བཀང་དུས་འགྱོད་ཀྱང་ཅི་ལ་ཕན། །
ཟས་གང་ཞིམ་ཕ་མ་གཞོན་དུས་ཧུར་ཐག་སྦྱིན། །
གོས་གང་ཡག་གཟུགས་གཞི་མ་སྒུར་གོང་ལ་བསྐོན། །
ཁ་ཚིག་ལོག་མ་རྒྱག་ཁ་ལེན་ཚིག་བརྩི་བྱོས། །
མི་ལོ་ལོན་ཡོད་ན་ཁྱིམ་གྱི་གཡང་ནོར་ཡིན། །
དྲིན་ཕ་མ་རྒས་ནས་གོ་ཁར་ལྷུང་དུས་འདིར། །
དྲིན་དྲན་ཞིང་དྲིན་གཟོ་མ་བརྗེད་བུ་ཕྲུག་ཚོ། །
དུས་ནམ་ཞིག་རང་ཡང་རྒས་རྒྱུ་ཡོད་པས་ན། །
དྲིན་ཕ་མ་གཙུག་གི་རྒྱན་དུ་བཀུར་བར་མཛོད། །
འབྲེལ་ཡོད་གསར་འགྱུར།