པད་སྒྲོན་ལ་སྤྲིངས་པའི་འཕྲིན་ཡིག
ཧུན· དུར་རོ།
གཡུ་ཡི་ལོ་མ་ཤིག་ཤིག །
དྲན་པའི་ཉི་ནུབ་རབ་རིབ། །
རྩྭ་ཐང་གཞུང་གི་དྲན་པ། །
རླུང་བུས་རྒྱང་དུ་ཁྱེར་ན། །
ཁོག་པའི་ག་ཤེད་ཅིག་ལ། །
གྲང་བའི་འདབ་མ་འཁྲུངས་ཡོང་། །
མིག་གི་མཐའ་ལ་བབས་པའི། །
ཟིལ་པའི་འོད་ཟེར་ཀྲིག་ཀྲིག །
དྲན་པའི་རྗེས་ཀྱི་ཆུ་རིས། །
རྩྭ་ཐང་གཞུང་གི་འཁྲེང་སེམས། །
དྲན་པའི་གཞུ་མོར་བཅོལ་ན། །
དྲན་པ་འཁྲུལ་ཞེས་མ་གསུངས། །
འཁྲེང་སེམས་མདའ་མོ་སྒྲོ་དཀར། །
དྲན་པའི་གཞུ་ལས་ཤོར་ཏེ། །
པད་སྒྲོན་ཕྱོགས་སུ་འཕུར་སོང་། །
པད་སྒྲོན་སེམས་པ་མ་སྐྱོ། །
འཁྲེང་སེམས་ཡི་གེར་ཕབ་ཡོད། །
འཕྲིན་ལ་འཕྲིན་ལན་མེད་ན། །
བུ་ཆུང་སེམས་པ་སྨྲེང་འགྲོ །
ཁྱོད་ཀྱི་མིང་ནས་འབོད་དུས། །
སྨྲ་ལྕེ་ལྕུག་ལྕུག་འདར་ཏེ། །
དྲན་གདུང་སྙིང་གཏམ་ཚིག་གསུམ། །
ངག་ནས་འཁྲོལ་བ་དཀའ་སོང་། །
འཕྲིན་ལ་འཕྲིན་ལན་གནང་རོགས། །
བུ་ངས་ཁྱོད་རང་བསྒུགས་ཡོད། །
འབྲེལ་ཡོད་གསར་འགྱུར།