སྐྱིད་ཆུ་སྔོན་མོར་བསྔགས་པ།
སྲིད་པའི་གཙང་པོ་བར་མེད་རྒྱུ་བ་ན། །
སྤྲིན་དཀར་ལང་ལོང་འཛུམ་པའི་གར་ཆུང་བསྟན། །
ཤུག་སྡོང་གཡོ་བའི་སྟངས་སྟབས་གར་གྱིས་བསུ། །
མི་དམངས་སྤྲོ་བའི་དགའ་འབོད་ཕྱོགས་བཞིར་ཁྱབ། །
གངས་རིའི་མུ་ཏིག་བརྒྱན་པའི་འདབས་རོལ་ན། །
གནའ་གྲོང་སྐྱིད་པའི་ལྷ་ས་ཞོ་ལྟར་ཆགས། །
གཞོང་པ་དེ་རུ་དཀར་དམར་ཕོ་བྲང་བཞུགས། །
དེ་ལ་སྐྱིད་ཆུ་སྔོན་མོས་ལྷ་དར་འཐེན། །
ན་ཆུང་བྱིས་པའི་དཔེ་ཀློག་གླུ་དབྱངས་སྒྲོག །
ན་གཞོན་དར་མ་ཚན་རྩལ་རིག་པར་བརྩོན། །
རྒན་རབས་བཟང་པོའི་མིག་དཔེ་ཡག་པོ་སོགས། །
སྐྱིད་ཆུ་སྔོན་མོས་ཆར་གྱི་བདུད་རྩི་ཕབ། །
སྲིད་འབྱོར་རིག་གསུམ་ཡར་ངོའི་ཟླ་ལྟར་འཕེལ། །
དངོས་པོའི་མཐུན་རྐྱེན་དར་བའི་དབྱར་མཚོ་རྒྱས། །
བསམ་པའི་དཔལ་ཡོན་རྒྱས་པའི་མེ་ཏོག་བཞད། །
དགའ་བདེའི་ལོངས་སྤྱོད་སྐྱིད་ཆུའི་རྒྱུན་ལྟར་རིང་། །
ས་ལ་དགེ་བཅུ་ཚང་བ་ཁྱེད་ཀྱི་དྲིན། །
དབྱར་གྱི་ཚ་གདུང་འཇོམས་པ་ཁྱེད་ཀྱི་བསིལ། །
སྔོ་ལྗང་གཡུ་ལོ་བཀྲ་བ་ཁྱེད་ཀྱི་བརླན། །
སྐྱིད་ཆུ་སྔོན་མོ་བཀྲ་ཤིས་ཀུན་འཛོམས་ལགས། །
འབྲེལ་ཡོད་གསར་འགྱུར།