བཀྲ་ཤིས་རྒྱ་མཚོའི་སྙན་ངག་ཁག་གཉིས།
དཔྱིད་ཀ
ཁུ་བྱུག་སྔོན་མོའི་གསུང་ལ་འགག་པ་མེད། །
རྩྭ་ལྗང་གཡུ་ཡི་འདབ་མས་བྲོ་གར་འཁྲབ། །
ཆུ་ཕྲན་ལྷུང་ལྷུང་འབབ་པའི་སྙན་དབྱངས་སྒྲོག །
དཔྱིད་ཀྱི་དཔལ་མོའི་གསོན་ཤུགས་སྐྱེ་དགུར་སྩོལ། །
དབྱར་ཁ།
མེ་ཏོག་ཚོམ་བུས་སྟངས་སྟབས་གཡས་གཡོན་འཁྱུག །
བསིལ་རླུང་དལ་མོས་དབྱངས་རྟའི་རམ་འདེགས་བྱས། །
དེ་ཡི་ཐོག་ལ་སྦྲང་ཆར་ཟམ་ཟིམ་འཇོ། །
དབྱར་གྱི་ཉ་མོ་སྤྲོ་བས་ཆུ་ཁར་རྩེན། །
སྟོན་ཁ།
གསེར་ཞུན་མར་ཁུ་བྱུགས་འདྲ་སྟོན་གྱི་མདོག །
གསེར་ལྡན་འབྲས་བུའི་ཁུར་གྱིས་ཡོངས་སུ་ལྗིད། །
ན་གཞོན་སློབ་བུ་དཔུང་གདང་ཤིག་ཤིག་ངང་། །
ཤེས་བྱའི་ཐང་ཆེན་བང་གིས་གཅོད་པ་མཚར། །
དགུན་ཁ།
འགྲམ་དར་སྔོན་མོའི་མེ་ལོང་དབུས་སུ་ནི། །
ལྷབ་ལྷུབ་འཐོར་བའི་ཁ་བའི་མེ་ཏོག་མཛེས། །
ཉི་ཟེར་མཐོན་པོའི་བར་སྣང་དཀྱིལ་མཚམས་ན། །
གངས་དཀར་རྩེ་མོའི་མདུང་རྩེ་གནམ་ལ་བརྗིད། །
འབྲེལ་ཡོད་གསར་འགྱུར།