དབྱར་གྱི་དཔལ་མོ།
སྔོ་ལྗང་སྤང་ལྗོངས་གོས་ཆེན་འབྲུག་རིས་བཞིན། །
ཁྲ་ཆིལ་མེ་ཏོག་གཟི་བྱུར་ཕྲ་རྒྱན་བཞིན། །
དྭངས་གཙང་མཚོ་མོ་གཡུ་ཡི་མེ་ལོང་བཞིན། །
དབྱར་གྱི་དཔལ་མོ་འཇིག་རྟེན་མཛེས་པའི་རྒྱན། །
ཞིང་བཟང་ལོ་ཏོག་སྤྲོ་དགའི་མགོ་ལྕོག་བཞིན། །
རི་སྐྱེས་སྔོ་སྨན་ནོར་བུའི་བང་མཛོད་བཞིན། །
གཡང་ཟོག་མར་ཕྱུར་ཐོན་འབབ་རི་བོ་བཞིན། །
དབྱར་གྱི་དཔལ་མོ་འབྱོར་ལྡན་ནོར་འཛིན་མ། །
བྱ་བྱེའུ་སྐད་སྙན་ལྷ་ཡི་དགའ་ཚལ་བཞིན། །
རྐང་དྲུག་བཅུད་ལེན་ཀླུ་ཡི་སྣང་བ་བཞིན། །
ན་ཆུང་རྩེ་དགའི་སྣང་བ་མེ་ཏོག་བཞིན། །
དབྱར་གྱི་དཔལ་མོ་ཕུན་ཚོགས་སྣང་སྐྱིད་མ། །
ལྷུང་ལྷུང་ཆུ་ཕྲན་དགའ་མའི་ངག་འཇམ་བཞིན། །
བསིལ་གྲིབ་སྣུམ་པོ་མཛའ་བོའི་གུར་ཁྱིམ་བཞིན། །
བདེ་བའི་སྤང་ལྗོངས་རང་བྱུང་མལ་གདན་བཞིན། །
དབྱར་གྱི་དཔལ་མོ་སོས་དལ་བག་ཕེབས་མ། །
དལ་འབབ་ཆུ་བོ་ས་གཞིའི་ཟུངས་ཁྲག་བཞིན། །
སྦྲང་ཆར་ཟིལ་མ་བདུད་རྩིའི་དངོས་གྲུབ་བཞིན། །
རྩི་ཤིང་མེ་ཏོག་མདང་གི་ཤ་མོ་བཞིན། །
དབྱར་གྱི་དཔལ་མོ་གསོན་ཤུགས་སྟོབས་ལྡན་མ། །
སྔོ་ལྗང་ས་གཞི་ཨ་མའི་པང་ཁ་བཞིན། །
བསིལ་རླུང་འཇམ་པོ་བྱམས་བརྩེའི་སྐྱོར་མ་བཞིན། །
ཉི་འོད་དྲོན་མོ་བརྩེ་བའི་དྲོད་ཁོལ་བཞིན། །
དབྱར་གྱི་དཔལ་མོ་བརྩེ་ལྡན་གཤིས་བཟང་མ། །
དབྱར་ཁ་སྐྱིད་པ་བདེ་བའི་ཞིང་ཆེན་བཞིན། །
དབྱར་ཁ་ཕྱུག་པ་ནོར་ལྷའི་མངའ་ཐང་བཞིན། །
དབྱར་ཁ་ཐུང་བ་སེ་གོལ་ཏོག་གི་ཟླ། །
དུས་བཞི་ཀུན་ཀྱང་དབྱར་ཁ་ཡིན་ན་སྙམ། །
འབྲེལ་ཡོད་གསར་འགྱུར།