དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ལྷ་ལྡན་གྲོང་གི་དབྱར་དུས་ལ་བསྔགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  གནམ་ལྷ་ཚེ་རིང་།   |     སྤེལ་དུས།  2026-07-26

    གཡུ་མདོག་ས་འཛིན་ཕྲེང་བའི་མུ་ཁྱུད་ཅན། །

    དལ་འབབ་སྐྱིད་ཆུ་སྔོན་མོའི་སྐ་རགས་ཅན། །

    སྣ་ཚོགས་བ་གམ་མང་པོའི་ཕྲ་རྒྱན་ཅན། །

    ལྷ་ལྡན་གྲོང་གི་དབྱར་དུས་མིག་གི་དཔྱིད། །


    མཐོན་མཐིང་ཀུན་གསལ་བུ་མོའི་ཕང་བ་རུ། །

    རབ་དཀར་ཆུ་འཛིན་དར་གྱི་བླ་བྲེས་བརྒྱན། །

    སྲིད་པའི་མིག་གི་འོད་སྟོང་ཕྱོགས་བཅུར་འཕྲོ། །

    དྲི་བཞོན་འཇམ་པོས་དབུགས་དབྱུང་དཔག་མེད་སྦྱིན། །


    སྤྱི་གླིང་ནེའུ་གསིང་ཁུད་དུ་ཡིད་འཕྲོག་པའི། །

    ཕྲ་ཚོམ་མེ་ཏོག་སྣ་ཚོགས་སྡུག་གུར་བཞད། །

    ཚང་ཚིང་ལྗོན་ཤིང་གཡུ་ལོ་ཐགས་སུ་བཀྲ །

    གཉིས་སྐྱེས་གསུང་གི་འགྱུར་ཁུགས་རྣ་བར་སྙན། །


    ཡིད་འོང་སྣོད་བཅུད་བཀོད་པ་མ་ལུས་པ། །

    གཅིག་ཏུ་བསྡུས་འདྲའི་ནོར་གླིང་ཀླུ་ཁང་དུ། །

    སྐྱེ་བོའི་ཚོགས་ཀྱིས་གང་དགའ་གང་སྐྱིད་ངང་། །

    གླིང་ཁ་གཏོང་བའི་རྣམ་པ་ཉམས་རེ་དགའ། །


    བསིལ་ལྗོངས་ཞེས་བྱའི་གྲགས་པ་ཕྱོགས་ཀུན་ཏུ། །

    ཁྱབ་པས་ཚ་བའི་ཡུལ་གྱི་སྐྱེ་འགྲོའི་ཚོགས། །

    དྲི་ལྡན་མེ་ཏོག་སྙེག་པའི་བུང་བ་བཞིན། །

    ལྗོངས་འདིར་རྒྱུ་བའི་ཡོ་ལང་སྤྲིན་བཞིན་འཁྲིགས། །


    སྲོད་དང་ཞོགས་ཀའི་དམར་སེར་མཚམས་སྤྲིན་འོག །

    གྲུ་འཛིན་རི་བོའི་གཟི་འོད་དང་བསྡོངས་ནས། །

    རང་རང་དགའ་བའི་ལས་ལ་ཧུར་ཐག་གིས། །

    འཇུག་པའི་མི་རྣམས་ཤིན་ཏུ་ཡི་གར་འོང་། །


    གཡུ་ཡི་མར་གད་བཞུར་འདྲའི་མཚེའུའི་ངོས། །

    ངང་ངུར་འདབ་ཆགས་སྣ་ཚོགས་བག་ཡངས་རྒྱུ། །

    རྩི་ཤིང་རིགས་སྣ་མང་པོས་ཡོངས་སུ་ཁྱབ། །

    ལྷ་ཀླུ་འདམ་རའི་ཡུལ་ལྗོངས་ཡིད་ཀྱི་གསོས། །


    བཤེས་གཉེན་དམ་པའི་མ་ནོར་ལམ་སྟོན་འོག །

    གནའ་དེང་ཤེས་བྱའི་མཚོ་མོར་ལེགས་འཇུག་པའི། །

    བློ་གསལ་ཚོགས་ཀྱིས་འབྲས་བཟང་ཁུར་བསྣམས་ནས། །

    སློབ་གྲྭ་རིམ་པར་འགྲིམས་པའི་ཚུལ་འདི་མཛེས། །


    སྐྱེ་འགྲོ་ཡོངས་ལ་བདེ་བའི་དཔལ་སྦྱིན་པའི། །

    དབྱར་གྱི་ལྷ་སའི་སྣོད་བཅུད་བཀོད་པ་འདིས། །

    སུམ་རྩེན་དགའ་ལྡན་གནས་ལ་སྐྱེངས་པ་སྟེར། །

    ལོངས་སྤྱོད་ཀླུ་ཡི་ཡུལ་ཀྱང་དམའ་སར་འགོད། །


    ཡུལ་འདིའི་མཛེས་པ་དགའ་མའི་བསླུ་བྲིད་བཞིན། །

    ཡེ་ནས་བཟློག་ཐབས་བྲལ་བའི་ཉེར་ལེན་གྱིས། །

    སྨྲ་བསམ་བརྗོད་འདས་ཡིད་ཀྱི་འགྱུར་བ་ཀུན། །

    ལྡེམ་ལྡེམ་སོར་མོའི་འདུ་བྱེད་བསྒྱུར་ཏེ་བྲིས། །

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།