དབུ་ཤོག>བོད་ཀྱི་རིག་གནས།>བོད་ལྗོངས་སྒྱུ་རྩལ།
  • “00”ནང་སྐྱེས་བོད་རིགས་ཀྱི་ཇུས་འགོད་པ་དཔའ་འབྲུག་བསྟན་དར།

    སྲོལ་རྒྱུན་རྒྱན་གོས་དར་སྤེལ་བཏང་། བཟོ་བོའི་བློ་ཡིས་ཕུགས་འདུན་བཏོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-25

    འདི་ནི་2025ལོའི་ཟླ་10པར། བོད་ལྗོངས་ཐང་གའི་སྒྱུ་རྩལ་རྟེན་མཛོད་ཁང་དུ་དཔའ་འབྲུག་བསྟན་དར(གཡོན)གྱིས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཚེ་རིང་དབྱངས་ཅན་དང་མཉམ་དུ《དབུས་གཙང་གི་གནའ་བོའི་རྒྱན་གོས་ཀྱི་རིག་གནས་དང་གུས་ལུགས། དུས་རབས་ཀྱི་འགྱུར་བའི་སྐོར》གླེང་བཞིན་པ།

    འདི་ནི་མོ་ཐྲོལ་གྱིས་ཀྲུང་གོ་རྒྱལ་སྤྱིའི་གྱོན་དཔེ་གཟའ་འཁོར(དཔྱིད་དུས)ལ་དཔའ་འབྲུག་བསྟན་དར་གྱིས་ཇུས་འགོད་བྱས་པའི་རྒྱན་གོས་གྱོན་ནས་ངོམ་སྟོན་བྱེད་བཞིན་པ།

    འདི་ནི་དཔའ་འབྲུག་བསྟན་དར་གྱིས(གཡས་ཀྱི་བཞི་པ)ཇུས་འགོད་བྱས་པའི་བོད་ཀྱི་སྲོལ་རྒྱུན་ལག་ཤེས་དང་དེང་རབས་མཛེས་རིག་གི་ཁྱད་ཆོས་འདུས་པའི་བོད་ཆས་བརྩམས་ཆོས་ཆ་ཚང་7ཡིན་པ།

    (པར་རིས་ཚང་མ་བཅར་འདྲི་བྱ་ཡུལ་གྱིས་མཁོ་འདོན་བྱས)

    ཉེ་ཆར། ལོ་26ལ་སླེབས་པའི“00ནང་སྐྱེས”བོད་རིགས་ཀྱི་ཇུས་འགོད་པ་དཔའ་འབྲུག་བསྟན་དར་གྱིས་བོད་ཀྱི་སྲོལ་རྒྱུན་ལག་ཤེས་དང་དེང་རབས་མཛེས་རིག་ཟུང་འབྲེལ་གྱི་བོད་ཆས་བརྩམས་ཆོས་ཆ་ཚང་7བསྣམས་ནས་2026ལོའི་ཀྲུང་གོ་རྒྱལ་སྤྱིའི་གྱོན་དཔེ་གཟའ་འཁོར(དཔྱིད་དུས)གྱི“གངས་རིའི་སྒྲོལ་དཀར། ཀུའོ་རུང་རུང་གི་གྱོན་དཔེ་ཁྱབ་བསྒྲགས”ཀྱི་འགྲེམས་སྟོན་ཆེན་པོར་ཞུགས་པས། འགྲེམས་སྟོན་ཕྱི་ནང་ནས་དོ་ཁུར་ཆེན་པོ་བྱ་ཡུལ་དུ་གྱུར་ཡོད།

    ༡ གྱོན་དཔེ་འགྲེམས་སྟོན་ལས་མངོན་པའི་བོད་ཀྱི་ཉམས་འགྱུར།

    2026ལོའི་ཀྲུང་གོ་རྒྱལ་སྤྱིའི་གྱོན་དཔེ་གཟའ་འཁོར(དཔྱིད་དུས)གྱི“གངས་རིའི་སྒྲོལ་དཀར། ཀུའོ་རུང་རུང་གི་གྱོན་དཔེ་ཁྱབ་བསྒྲགས”ཀྱི་འགྲེམས་སྟོན་སྐོར་གླེང་སྐབས། དཔའ་འབྲུག་བསྟན་དར་ན་རེ། “ད་ཐེངས་འགྲེམས་སྟོན་བྱས་པའི་བོད་ཆས་བརྩམས་ཆོས་ཆ་ཚང་7ནི་བརྐོས་དཀྲོལ་ཞིབ་ཚགས་བྱས་པའི་ནོར་བུ་7དང་འདྲ་བར། བོད་ཆས་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ངོ་མཚར་གང་ལེགས་མངོན་ཡོད”ཅེས་བཤད། གྱོན་ཆས་ཇུས་འགོད་བྱེད་སྐབས་ཁོང་གིས་མངོན་མིན་རིག་གནས་ཤུལ་བཞག་སྣམ་བུ་དང་། གོས་དྲུབ། གསེར་སྐུད་དང་དངུལ་སྐུད་སོགས་སྲོལ་རྒྱུན་གྱི་ལག་ཤེས་ཐོན་རྫས་མཉམ་འདྲེས་གཏིང་ཟབ་བྱས་ཏེ་གཟབ་སྤྲོས་ཀྱི་ཉམས་འགྱུར་ལྡན་ཞིང་རྒྱུན་གོས་བོད་ཆས་ཀྱི་སྤྱོད་གོ་ཆོད་པའི་རང་བཞིན་ཆ་ཚང་སོར་འཇོག་བྱས་པ་མ་ཟད། སྲོལ་རྒྱུན་གྱི་བཀག་རྒྱ་ལས་གྲོལ་ཏེ་ཚོས་གཞི་སྤེལ་བ་དང་། རྒྱུ་ཆ་འདེམས་པ། རས་ཆ་དྲས་བཅོས། རྒྱན་ཆ་སྤེལ་རེས་བཅས་ལ་དེང་རབས་ཀྱི་མཛེས་དཔྱོད་བསྣན་པ་ལས། གནའ་བོའི་གཟབ་སྤྲོས་ཆ་ཚང་4དང་དུས་ཚིགས་མི་འདྲ་བའི་རྒྱུན་གོས་བོད་ཆས་ཆ་ཚང་3ལ་ལོ་རྒྱུས་ཀྱི་ཉམས་འགྱུར་དང་དར་སྲོལ་གྱི་འཕེལ་ཕྱོགས་ཆེན་པོ་ལྡན་ཡོད།

    གཞན་ཡང་། དཔའ་འབྲུག་བསྟན་དར་གྱིས་ད་དུང་བོད་ཀྱི་ལྡེབས་རིས་དང་། ཐང་ག གནའ་བོའི་གླུ་གར་འཁྲབ་ཆས་བཅས་ལས་བློ་དང་རིག་པ་རྙེད་པར་བྱས་ཏེ། རང་ཉིད་ཀྱི་ལུས་ལ་གྱོན་པའི་རྒྱན་གོས་ཀྱང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག“རྒྱ་གཞས”ཀྱི་སྐྱེས་པའི་འཁྲབ་ཆས་ཕྱུ་པ་དཔེ་གཞིར་བྱས་ནས། གོས་ཆེན་སེར་པོའི་ཕྱུ་པ་དང་། བྱུ་རུའི་སོག་བྱིལ། སོག་ཞྭ་དང་སྟོད་ལྷེབ་སོགས་སྲོལ་རྒྱུན་གྱི་རྒྱན་ཆས་སྤྲས་པས། བོད་ཆས་ཀྱི“སྤམ་ལ་འདྲ་ཆགས་པའི”ཁྱད་ཆོས་བསྐྱར་དུ་མངོན་ཡོད། མི་དེ་བས་མང་བས་བོད་རིགས་ཀྱི་རྒྱན་གོས་མཛེས་རིག་ཤེས་རྟོགས་ཐུབ་པའི་རེ་བ་ཡོད་ཅེས་ཁོང་གིས་བརྗོད།

    མོ་ཐྲོལ་གྱིས་གཟབ་མཆོར་དེ་དག་སྤྲས་ནས་རིམ་བཞིན་གར་སྟེགས་སུ་སྐྱོད་སྐབས། སྲོལ་རྒྱུན་སྣམ་བུའི་ཁྱད་ཚོར་དང་། མངོན་མིན་རིག་གནས་ཤུལ་བཞག་ལག་ཤེས་ཀྱི་ཞིབ་ཚགས། དེང་རབས་ཀྱི་དྲས་བཅོས་བཟོ་ལྟ་བཅས་མཉམ་འདྲེས་ལེགས་པོ་བྱུང་ནས་ས་ཡུལ་དངོས་སུ་འཕྲལ་མར་མཐོ་རླབས་འཕྱུར་ཏེ། རྒྱལ་ཁབ་ཕྱི་ནང་གི་དར་སྲོལ་ལས་རིགས་དང་རིག་གནས་ལས་རིགས་ཀྱི་ཚད་མཐོའི་བསྔགས་བརྗོད་ཐོབ་ནས། བོད་ཀྱི་སྲོལ་རྒྱུན་རྒྱན་གོས་རྣམ་པ་གསར་རྐྱང་གི་ཐོག་ནས་སྤྱི་དམངས་དང་རྒྱལ་སྤྱིའི་གར་སྟེགས་སུ་སྐྱོད་ཐུབ་ཡོད།

    ༢ སྲོལ་རྒྱུན་ལག་ཤེས་ལས་མངོན་པའི་གསོན་ཤུགས་གསར་པ།

    སློབ་གྲྭ་འགྲིམ་སྐབས། དཔའ་འབྲུག་བསྟན་དར་གྱིས་བོད་ཀྱི་སྲོལ་རྒྱུན་རྒྱན་གོས་ཀྱི་བཟོ་རྩལ་ཁག་གཅིག་རྒྱུན་ཆད་ཉེན་ཡོད་པ་གསལ་བར་ཚོར་ཞིང་། སྣང་ཚུལ་དེས་ཁོང་གི་སེམས་ལ་ན་ཟུག་དྲག་པོ་བཏང་བ་དང་སྦྲགས་ཉམས་དམས་སུ་འགྲོ་སྲིད་པའི་རྒྱན་ཆ་དང་བཟོ་རྩལ་དག་ཉམས་པ་སླར་གསོ་ཡོང་བའི་བསམ་བློ་འཁོར། གཞན་ཡང་། སྲོལ་རྒྱུན་ལག་ཤེས་དེ་དག་ནི་བོད་ཀྱི་རིག་གནས་ཁྲོད་ཀྱི་ནོར་བུ་ལྟ་བུ་ཡིན་པ་དང་། དེའི་ནང་ཕ་མེས་ཀྱི་བློ་གྲོས་དང་བརྩེ་བ་འདུས་ཡོད་པས། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་རྩ་བརླག་ཏུ་འགྲོ་མི་རུང་བ་གསལ་བར་རྟོགས།

    དེས་ན། དཔའ་འབྲུག་བསྟན་དར་དཀའ་སྡུག་ཆེ་བའི་ཞིབ་འཇུག་འཚོལ་ཞིབ་ཀྱི་ལམ་དུ་སྐྱོད་འགོ་ཚུགས། ཁོང་གིས་དཔྱད་ཡིག་མང་པོ་བཀླགས་པ་དང་འབྲེལ་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་མཁས་པ་མང་པོའི་ཞབས་ལ་གཏུགས་ནས་སློབ་སྦྱོང་བྱས་པ་རེད། འབད་བརྩོན་ལྷོད་མེད་བྱས་མཐར། ཁོང་གིས་དེང་རབས་ཀྱི་ལག་ཤེས་བཟོ་རྩལ་སྤྱད་ནས་སྡིག་རྭ་གློ་ཕྲེང་དང་། རྒྱལ་མཚན་གློ་ཕྲེང་། དེ་བཞིན་གཞིས་རྩེའི་རྒྱན་གོས་སྤ་སྒོར་གྱི་མདུན་དུ་འདོགས་པའི་ལྟག་འཛར་སོགས་སྲོལ་རྒྱུན་གྱི་བོད་པའི་རྒྱན་ཆ་བསྐྱར་བཟོ་བདེ་བླག་བྱས་ཤིང་། བསྐྱར་བཟོའི་རྒྱན་ཆ་དེ་དག་ལ་སྲོལ་རྒྱུན་ལག་རྩལ་གྱི་ཉིང་བཅུད་ཐིམ་པ་མ་ཟད། དེང་རབས་ཀྱི་གཞི་རྒྱུའང་བསྣན་ཡོད་པས། སྲོལ་རྒྱུན་གྱི་རྒྱན་གོས་ལ་དེང་རབས་ཀྱི་གསོན་ཤུགས་ཀྱིས་ཁེངས།

    དཔའ་འབྲུག་བསྟན་དར་གྱིས་ད་དུང་རྟེན་མཛོད་ཁང་དུ་ཉར་ཚགས་བྱས་པའི་གནའ་བོའི་བོད་ཆས་མང་པོ་བསྐྱར་བཟོ་ཐུབ་ནས་རྒྱུན་ཆད་ལ་ཉེ་བའི་ལག་ཤེས་སླར་གསོས་ཤིང་། ཁོང་གི་བརྩམས་ཆོས་རྒྱལ་ཁབ་ཕྱི་ནང་གི་གར་སྟེགས་སུ་ཐེངས་མང་པོར་འགྲེམས་སྟོན་བྱས་པ་མ་ཟད། རིག་གནས་ཀྱི་ཕོ་ཉ་ཞིག་དང་འདྲ་བའི་ཁོང་གིས་རང་ཉིད་ཀྱི་བློ་གྲོས་དང་ལག་ཟུང་ལ་བརྟེན་ནས་དུས་རབས་གསར་པར་སྲོལ་རྒྱུན་ལག་ཤེས་ལ་སྐྱེ་སྟོབས་འཕེལ་བར་བྱས།

    ༣ བོད་ཀྱི་རྒྱན་གོས་རིག་གནས་ཁྱབ་སྤེལ་གྱི་འབྲེལ་ཟམ།

    མིག་སྔར། དཔའ་འབྲུག་བསྟན་དར་གྱིས་དབུས་གཙང་གི་རྒྱན་གོས་རིག་གནས་ཀྱི་གཞོན་སྐྱེས་ཞིབ་འཇུག་པ་དང་གནའ་བོའི་རྒྱན་གོས་ཇུས་འགོད་པ་སོགས་ཀྱི་ལས་འགན་ཁུར་ཏེ་འབྲེལ་ཟམ་དང་འབྲེལ་ཐག་ཧུར་ཐག་བཏོད་ནས། བོད་ཀྱི་རྒྱན་གོས་རིག་གནས་ཁྱབ་སྤེལ་གཏོང་བཞིན་མཆིས། ཁོང་གིས་སྔ་རྗེས་སུ་མཐོ་སློབ་དང་ས་ཆ་ཁག་ཏུ་རྒྱན་གོས་རིག་གནས་ཀྱི་སྐོར་འཆད་ཁྲིད་བྱས་པ་དང་། བསྐྱར་བཟོ་དང་ཇུས་འགོད་བྱས་པའི་བརྩམས་ཆོས་དག་2025ལོའི་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱིད་གསར་མཚན་ཚོགས་ལྷ་སའི་ཡན་ལག་ཚོགས་ར་དང་། 2025ལོའི“ཁམས་བཟང་། ཀྲུང་གོ”ཞེས་པའི་ཕ་རི་སིའི་ཡུལ་སྐོར་འོས་སྦྱོར་ངོ་སྤྲོད་འདུ་ཚོགས། 2026ལོའི་བོད་ཀྱི་ལོ་གསར་མཚན་ཚོགས་སོགས་གར་སྟེགས་ཆེ་མོར་བསྟན་པ་རེད།

    སྐལ་བཟང་མེ་ཏོག་སྤྱི་ཚོགས་ན་གཞོན་རིག་རྩལ་ཤེས་ལྡན་པ་གསོ་སྐྱོང་རྣམ་གྲངས་ཀྱི་གཙོ་གནད་གསོ་སྐྱོང་བྱ་ཡུལ་ཕུལ་བྱུང་ན་གཞོན་ཇུས་འགོད་པ་ཞིག་ཡིན་པའི་དཔའ་འབྲུག་བསྟན་དར་གྱིས་བོད་ཀྱི་རྒྱན་གོས་རིག་གནས་ལོ་རྒྱུས་དང་དེ་བཞིན་མངོན་མིན་རིག་གནས་ཤུལ་བཞག་བཟོ་རྩལ་དང་དེང་རབས་གྱོན་གོས་ཇུས་འགོད་ཀྱི་རིགས་པའི་གཞུང་ལུགས་ལ་བརྒྱུད་རིམ་ལྡན་པའི་སློབ་སྦྱོང་བྱས་པ་མ་ཟད། ཡུལ་དངོས་ལ་བརྟག་ཞིབ་དང་། མངོན་མིན་རིག་གནས་ཤུལ་བཞག་བཟོ་ཁང་དུ་ལག་ལེན། རིག་གནས་བསམ་བཀོད་ཀྱི་ཇུས་འགོད་འགྲན་བསྡུར་སོགས་བྱེད་སྒོ་རབ་དང་རིམ་པར་ཞུགས་ཡོད། མྱོང་བརྒྱུད་དེ་དག་ལས་ཁོང་གི་ཆེད་ལས་ནུས་པ་དང་གསར་རྩོམ་གྱི་མཐོང་རྒྱ་མགྱོགས་པོ་འཕེལ་བ་མ་ཟད། བོད་ཀྱི་རྒྱན་གོས་རིག་གནས་ཁྱབ་སྤེལ་གྱི་ལས་སྟེགས་ཆེན་པོའང་ཐོབ།

    ༤ བོད་ཀྱི་རྒྱན་གོས་རིག་གནས་འཛམ་གླིང་དུ་སྤེལ་བའི་གོམ་ཁ་མི་ལྷོད་པ།

    དཔའ་འབྲུག་བསྟན་དར་གྱི་རྒྱུན་འཁྱོངས་དང་འབད་བརྩོན་ལ་ནང་མིའི་བསམ་ཤེས་དང་རྒྱབ་སྐྱོར་ཐོབ་ཡོད། སྔོན་ཆད་རྨོ་བོ་ཚེ་དབང་ལགས་ཀྱིས་ཁོ་པས་རྒྱན་གོས་ཀྱི་འཆར་འགོད་སྦྱོང་བར་མོས་མཐུན་གཏན་ནས་མི་བྱེད་པར་གཞུང་ཞབས་པའི་རྒྱུགས་སྤྲོད་པར་ཨུ་ཚུགས་མཐའ་སྐྱེལ་བྱེད་ཀྱི་ཡོད། འོན་ཀྱང་རྨོ་བོ་ལགས་ཀྱིས་ཚ་བོས་འཆར་འགོད་བྱས་པའི་རྒྱན་གོས་བོད་ཀྱི་ལོ་གསར་མཚན་ཚོགས་དང་ཐ་ན་རྒྱལ་སྤྱིའི་གར་སྟེགས་སུ་བསྟན་པ་མཐོང་སྐབས། བསམ་ཚུལ་ལ་རིམ་བཞིན་འགྱུར་བ་བྱུང་ནས་རང་ལ་ཕ་ཡུལ་གྱི་ཆེད་དུ་གཟི་བརྗིད་བརྩོན་ལེན་དང་། རང་ཉིད་ལ་དབང་བའི་ལམ་བུ་ཞིག་བཏོད་ཐུབ་པའི་ཚ་བོ་ཞིག་ཡོད་པར་སྤོབས་པས་ཁེངས།

    གསར་འགོད་པས་དཔའ་འབྲུག་བསྟན་དར་ལ་འབྱུང་འགྱུར་གྱི་འཆར་གཞིའི་སྐོར་འདྲི་སྐབས། ཁོང་ན་རེ། “ད་ལྟའི་བར་ངའི་བརྩམས་ཆོས་མང་པོར་རྒྱ་ཆེའི་དྲ་གྲོགས་དང་མང་ཚོགས་ཀྱི་དོ་ཁུར་ཆེན་པོ་ཐོབ་བྱུང་། བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་བཅངས་པའི་དགའ་ཞེན་དང་། ཕ་ཡུལ་ལ་བཅངས་པའི་བརྩེ་སེམས། ལྷོད་པ་མེད་པའི་འབད་བརྩོན་བཅས་ལ་བརྟེན་ནས། ཐོག་མཐའ་བར་གསུམ་དུ་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། རྒྱན་གོས་གཞི་རྟེན་དང་མངོན་མིན་རིག་གནས་ཤུལ་བཞག་འབྲེལ་ཟམ་དུ་བྱས་ཏེ། བོད་ཀྱི་སྲོལ་རྒྱུན་རྒྱན་གོས་རྟེན་མཛོད་ཁང་དུ་བཤམས་པ་ཙམ་མིན་པར་རྣམ་ཀུན་འཚོ་བའི་ནང་དུ་མཉམ་འདྲེས་ཐུབ་པ་དང་། བོད་ཀྱི་སྲོལ་རྒྱུན་རྒྱན་གོས་རྒྱལ་ནང་དང་འཛམ་གླིང་དུ་སྐྱོད་པ། དུས་རབས་གསར་པར་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་སྐྱེ་སྟོབས་གསར་པ་རྒྱས་པ་བཅས་ཀྱི་དོན་དུ་འབད་འབུངས་བྱེད་བཞིན་ཡོད”ཅེས་དོ་དོ་ནན་ནན་གྱིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།