དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • རྒྱ་བོད་ཡིག་སྒྱུར་ཁྲོད་ཀྱི་བརྙན་འཕྲིན་འཁྲབ་ཚན་རིག་གནས་ཀྱི་ཁྱད་པར་ཐག་གཅོད་བྱ་ཐབས་ལ་དཔྱད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-24

    ཡིག་སྒྱུར་ནི་སྐད་ཡིག་ཕབ་སྒྱུར་ཙམ་མ་ཟད་དེ་བས་ཀྱང་རིག་གནས་རྒྱུད་སྤྲོད་ཅིག་ཡིན་ཏེ། སྐད་ཡིག་ཕབ་སྒྱུར་ནི་ཡིག་སྒྱུར་གྱི་ཕྱི་ཤུན་དང་རིག་གནས་རྒྱུད་སྤྲོད་ནི་ཡིག་སྒྱུར་གྱི་ནང་སྙིང་ཡིན། རྒྱ་བོད་མི་རིགས་གཉིས་ཀྱི་སྐད་བརྡའི་རིག་གནས་དང་། རིན་ཐང་གི་འདུ་ཤེས། ཡུལ་གོམས་གཤིས་ལུགས་སོགས་ཀྱི་ཁྱད་པར་གྱིས་རྐྱེན་པས། ཐ་སྙད་ཀྱི་ཞར་བྱུང་གོ་དོན་ལ་ཡང་ཧེ་བག་ཤིག་ཙམ་ལ་ཁྱད་པར་མཛོ་ཙམ་ཞེས་པའི་དཔེ་ལྟར་མི་འདྲ་ས་མང་པོ་ཡོང་གི་ཡོད། བརྙན་འཕྲིན་འཁྲབ་ཚན་རེ་རེ་ནི་རིག་གནས་ཁྱབ་ཁོངས་ངེས་ཅན་ཞིག་ནང་གི་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་རིག་གནས་འཚོ་བའི་སྣང་ཚུལ་ཞིག་ཡིན། སྐད་རིགས་མི་འདྲ་བའི་ནང་རིན་ཐང་གི་ལྟ་བ་དང་། བསམ་བློའི་འཁྱེར་སོ། ཡུལ་སྲོལ་གོམས་གཤིས་སོགས་མི་རིགས་ཀྱི་ཁྱད་གཤིས་མངོན་པར་གསལ་བའི་རིག་གནས་ཀྱི་ཆ་འཕྲིན་མང་དག་འདུས་ཡོད་ཅིང་། འདི་དག་སྐད་ཆའི་ཁྲོད་དུ་དཔེ་ཆོས་དང་། གཏམ་རྒྱུད། ངག་རྒྱུན་སོགས་ཀྱི་རྣམ་པ་ནས་མངོན་གྱི་ཡོད་པས། བརྙན་འཕྲིན་འཁྲབ་ཚན་ཡིག་སྒྱུར་བྱེད་སྐབས་རིག་གནས་ཀྱི་ཁྱད་པར་འདི་དག་ལ་བསམ་གཞིགས་བྱས་ཏེ། རྒྱ་བོད་རིག་གནས་ཀྱི་ཁྱད་པར་ལས་བྱུང་བའི་འགོག་རྐྱེན་སེལ་ཐབས་བྱས་ཏེ་རིག་གནས་སྤེལ་རེས་དང་མཉམ་འདྲེས་ཡོང་བར་ཤུགས་སྣོན་རྒྱག་དགོས། ལྷག་པར་དུ་མ་ཕྱིའི་འཁྲབ་ཚན་ནང་དོན་སྙིང་ངེས་གཏན་ཞིག་ཡོད་པའི་མིང་དང་ཐ་སྙད་མང་དག་གཅིག་སྒྱུར་བྱེད་སྐད་ཡིག་གི་ཁྲོད་དུ་བཞག་ཚེ་དེ་དང་ཆ་མཚུངས་ཀྱི་འགྱུར་ཡིག་མེད་པར་རིག་གནས་ཀྱི་སྟོང་ཆ་ཞིག་ཐོན་སྲིད། འཁྲབ་ཚན་ཡིག་སྒྱུར་ཁྲོད་ཀྱི་རིག་གནས་ཀྱི་ཚད་བཀག་འདི་དག་ཐག་གཅོད་བྱེད་དགོས་ན་ངེས་པར་དུ་རིག་གནས་ཡིག་སྒྱུར་བྱེད་ཐབས་ལས་རང་འགྱུར་དང་གཞན་འགྱུར་སྨྲ་བའི་ལོ་ཙཱའི་ཐབས་ལམ(归化和异化)ལ་བརྟེན་དགོས། རང་འགྱུར་ཞེས་པ་ནི་མི་རིགས་གཞན་གྱི་སྐད་ཡིག་རང་སྐད་དུ་སྒྱུར་སྐབས་གཞན་གྱི་རིག་གནས་ཀྱི་གཟུགས་བརྙན་དོར་ནས་དེ་དང་དོན་སྙིང་ཆ་འདྲ་བའི་རང་མི་རིགས་ཀྱི་རིག་གནས་ཀྱི་གཟུགས་བརྙན་གྱིས་ཚབ་བྱེད་པ་ལ་ཟེར། དཔེར་ན་རང་རེའི་སྔོན་བྱོན་འཁྲབ་ཚིག་ཡིག་སྒྱུར་བ་ཚོས་རྒྱ་ནག་གི་ཁ་རྒྱུན“跑得了和尚,跑不了庙”ལ“ཤིག་ལ་བརྒྱབ་ནའི་གོང་བའི་ཕྱི་ནང་རེད”ལྟ་བུ་དང་། “好心竟然被你当成驴肝肺” ལ“བོང་བུ་བསླངས་པ་ཡག་བྱུང་མེད་པར། གཞུ་གུ་བཀོག་པའི་ཡ་ལ་བཞག”ལྟ་བུ་བོད་རང་གི་གཏམ་དཔེར་རང་འགྱུར་གནང་ཡོད། མཆན་བཀོད་མེད་པའི་བརྙན་འཕྲིན་འཁྲབ་ཚན་ཡིག་སྒྱུར་ཁྲོད་དུ་གཏམ་དཔེ་སྒྱུར་སྐབས། སྒྱུར་པ་པོས་འཁྲབ་ཚན་གྱི་ནང་དོན་སྤྱི་ཡོངས་ལ་རྒྱུས་མངའ་བྱས་པའི་རྨང་གཞིའི་ཐོག རང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བསྟུན་ནས་འོས་འཚམ་གྱི་རང་འགྱུར་བྱེད་དགོས་པ་ལས། གཏམ་དཔེ་ཐད་སྒྱུར་དང་མཁྲེགས་སྒྱུར་བྱས་ན་མང་ཚོགས་ཀྱིས་གོ་དཀའ་བར་འགྱུར་རྒྱུ་གདོན་མི་ཟ། དེ་བཞིན་འཁྲབ་ཚན་ཁྲོད་དུ་རྒྱ་ནག་གི་དཔེ་ཆོས་དང་ཁ་རྒྱུན་མང་དག་ཅིག་ཐོན་ཡོང་བ་ཡང་དེ་བཞིན་ནོ།

    གཞན་འགྱུར་ཞེས་པ་ནི་མི་རིགས་གཞན་གྱི་སྐད་ཡིག་རང་སྐད་དུ་སྒྱུར་སྐབས་སྒྱུར་བྱའི་སྐད་ཡིག་ཁྲོད་དུ་ཡོད་ཅིང་སྒྱུར་བྱེད་སྐད་ཡིག་ཁྲོད་དུ་མེད་པའི་ཐུན་མོང་མ་ཡིན་པའི་སྐད་བརྡའི་མཚོན་ཐབས་སམ་རྩོམ་རིག་གི་གཟུགས་བརྙན་འགྱུར་ཡིག་གི་ཁྲོད་དུ་རང་སོར་འཇོག་པ་ལ་ཟེར། འཁྲབ་ཚིག་གཞན་འགྱུར་གྱི་དགེ་མཚན་ནི་བོད་རིགས་ལྟད་མོ་བས་རྒྱ་ནག་གི་སྐད་དང་རིག་གནས་ལ་རྒྱུས་མངའ་ཟབ་པོ་ཞིག་ཡོང་ཐུབ་ཅིང་། བོད་སྐད་ཡིག་གི་སྐད་བརྡའི་མཚོན་ཐབས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་ནས་རྒྱ་བོད་མི་རིགས་གཉིས་ཀྱི་རིག་གནས་སྤེལ་རེས་ཇེ་མགྱོགས་སུ་གཏོང་ཐུབ་མོད། དཔེར་ན། “花开堪折只须折”ཞེས་པ་ནི་ཡིད་དུ་འོང་བའི་བྱ་དངོས་གང་ཞིག་བདག་གིར་བཟུང་བ་ལས་རྒྱང་རིང་ནས་ལོངས་སྤྱོད་བྱས་ན་དགའ་ཞེས་རྒྱ་ནག་གི་སྙན་ངག་པའི་འཆར་ཡན་གྱི་ཉམས་དང་ལྡན་ཡོད་པ་ལ། བོད་ཡིག་ཏུའང“མེ་ཏོག་མིག་ལ་མཛེས་ཀྱང་། རྩ་བ་བཀོག་ན་རྙིད་འགྲོ། དེ་ལས་རང་སར་བཞག་ནས། མིག་གིས་ལོངས་སྤྱོད་བྱས་ཆོག”ཅེས་མ་ཡིག་གི་ནང་དོན་ཆད་ལྷག་མེད་པར་བསྒྱུར་ནས་རྒྱ་ནག་སྙན་ངག་གི་ཡིད་བརྙན་མ་ཤོར་བ་བྱས་ཡོད་དོ།

    བརྙན་འཕྲིན་འཁྲབ་ཚན་གྱི་འགྱུར་ཡིག་ནི་སྒྲ་སྦྱོར་གྱི་རྣམ་པའམ་ཡང་ན་བརྙན་ཡིག་གི་རྣམ་པའི་ཐོག་ནས་མངོན་གྱི་ཡོད་པས། གཏམ་རྒྱུད་དང་དཔེ་འགོད་སོགས་གོ་དཀའ་བའི་ཚིག་རྐྱང་པ་ལོགས་སུ་བཀར་ཏེ་བརྙན་འཕྲིན་གྱི་འཆར་ངོས་ཐོག་མཆན་བཀོད་ནས་འགྲེལ་བཤད་བྱེད་ཐབས་མེད་ལ། ལྟད་མོ་བས་ཀྱང་འཁྲབ་ཚན་སྟོན་བཞིན་པའི་གནས་སྐབས་སུ་མཚམས་བཞག་ནས་ཚིག་མཛོད་འཚོལ་བའམ་དཔྱད་གཞིའི་ཡིག་ཆ་གཞན་འཚོལ་བར་འགྲོ་མི་སྲིད་པས། འགྱུར་ཡིག་དེ་ངེས་པར་དུ་ལྟ་མཁན་གྱིས་ལན་གཅིག་ཉན་པ་ཙམ་གྱིས་གོ་ཐུབ་པ་ཞིག་ཡིན་དགོས། དེར་བརྟེན་རྒྱ་བོད་མི་རིགས་གཉིས་ཀྱི་སྐད་བརྡའི་རིག་གནས་ཀྱི་ཚད་བཀག་ཐག་གཅོད་བྱེད་པར། བོད་རིགས་ལྟད་མོ་བར་དེ་ཙམ་རྒྱུས་མངའ་མེད་པའི་རྒྱ་ནག་རིག་གནས་ཁྲོད་ཀྱི་གཏམ་རྒྱུད་དང་དཔེ་ཆོས། ངག་རྒྱུན་དང་སོགས་སྒྱུར་སྐབས། འགྱུར་ཡིག་དེ་བོད་ཀྱི་བརྡ་སྤྲོད་དང་མཐུན་ཞིང་བོད་མིས་འཁོན་ཐོགས་མེད་པར་གོ་བ་ལེན་ཐུབ་པ་ཞིག་ཡིན་དགོས།

    《རྒྱ་བོད་ལོ་ཙཱའི་རྣམ་བཤད་བློ་གསར་དགའ་སྟོན》ལས་“ང་ཚོས་ལོ་ཙཱའི་ལག་ལེན་ཁྲོད་དུ་ཐབས་ཇུས་གང་ཞིག་སྤྱོད་དགོས་པར་རྒྱུན་དུ་གདམ་གསེས་བྱེད་དགོས་ཏེ། འགྱུར་ཡིག་གང་ཉིད་རྩོམ་པ་པོ་དང་ཀློག་པ་པོ་གཉིས་ཀར་ཉེ་ཞིང་བསྟུན་པའི་དབུས་ལམ་ཞིག་ཅི་ནུས་སྒོས་འཚོལ་དགོས”ཅེས་པ་བཞིན། བརྙན་འཕྲིན་འཁྲབ་ཚན་ཡིག་སྒྱུར་གྱི་ལག་ལེན་དངོས་སུའང་སྐབས་རེ་འཁྲབ་ཚན་མ་ཕྱིའི་སྐད་བརྡ་དང་རིག་གནས་ཀྱི་ཁྱད་ཆོས་ཤུགས་ཆེར་མངོན་པ་དང་། སྐབས་རེ་བོད་རིགས་གཟིགས་མོ་བ་དང་ཉེ་བར་བཅར་བ་ཞིག་ཡིན་མོད། གང་ལྟར་རྩ་དོན་ཞིག་ལ་བརྩི་སྲུང་བྱ་དགོས་པ་ནི། གཞན་འགྱུར་བྱེད་དུས་ཀྱང་འཁྲབ་ཚན་འགྱུར་མའི་སྐད་ཆ་དེ་བོད་སྐད་ཀྱི་ལུགས་དང་མཐུན་ཞིང་ངག་ནས་བརྗོད་བདེ་བ་ཞིག་ཡིན་དགོས་ལ། རང་འགྱུར་བྱེད་དུས་ཀྱང་འཁྲབ་ཚན་གྱི་མ་ཕྱིར་ལྡན་པའི་ཐུན་མིན་གྱི་རིག་གནས་ཁྱད་ཆོས་དེ་བརླག་མི་རུང་། 《སྒྲ་སྦྱོར་བམ་གཉིས》ལས“དམ་པའི་ཆོས་བསྒྱུར་བའི་ལུགས་ནི་དོན་དང་ཡང་མི་འགལ་ལ་བོད་སྐད་ལ་ཡང་གར་བདེ་བར་གྱིས་ཤིག”ཅེས་གསུངས་པ་བཞིན། ལོ་ཙཱ་གང་འདྲ་ཞིག་ཡིན་རུང་མ་ཡིག་ལ་བསྟུན་ཅི་ནུས་བྱ་རྒྱུ་ནི་འགྱུར་ལེགས་མིན་གྱི་ཚད་གཞི་དང་པོ་དེ་ཡིན་ལ། རྒྱལ་ཁབ་ཕྱི་ནང་གི་ལོ་ཙྭའི་གཞུང་ལུགས་སྨྲ་བ་མང་པོ་ཞིག་གིས་ཐུན་མོང་དུ་ཁས་བླངས་པའི་རྩ་དོན་གཙོ་བོ་ཞིག་ཀྱང་ཡིན་གཤིས། འཁྲབ་ཚན་མ་ཕྱིའི་ཁྲོད་ཀྱི་བརྗོད་བྱའི་སྙིང་པོ་དང་རིག་གནས་ཀྱི་ཁྱད་གཤིས་རྣམས་གང་ཐུབ་ཅི་ཐུབ་ཀྱིས་འཁྲབ་ཚན་འགྱུར་མའི་ཁྲོད་དུ་ཇི་བཞིན་བསྐྱར་མཚོན་བྱེད་དགོས་པས་ན། གཞན་འགྱུར་གྱི་ཐབས་ཇུས་ནི་མེད་དུ་མི་རུང་ཞིང་། དུས་མཚུངས་སུ་འཁྲབ་ཚན་འགྱུར་མ་འདི་ཉིད་ཀྱི་སྐད་ཆ་ནི་འབྲེལ་ཆགས་ཤིང་ཉན་སྤྲོ་བ། གོ་སླ་བ་ཞིག་ངེས་པར་དུ་ཡིན་དགོས་པས། བསྒྱུར་བྱ་མ་ཡིག་གི་སྐད་ཆའི་སྦྱོར་སྟངས་སོགས་ཕྱིའི་རྣམ་པའི་ཐད་ལ་རང་མི་རིགས་ཀྱི་སྐད་ཆའི་དགེ་མཚན་དང་དུ་བླངས་ནས་གང་འཚམ་གྱི་རང་འགྱུར་བྱེད་དགོས་པ་ནི་ཤིན་ཏུ་ནས་གལ་འགངས་ཆེའོ།

    (ལྷ་ས་དགེ་འོས་སློབ་ཆེན། ཤི་ལོག་སྒྲོལ་མ། ཞིབ་འཇུག་ཁ་ཕྱོགས། བོད་སྐད་ཡིག་རྩོམ་རིག)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།