མ་བྲིས་དབྱར་གྱི་མཛེས་སྡུག
མེ་ཏོག་ཞལ་ཁ་ཕྱེ་སོང་། །
རྐང་དྲུག་གླུ་དབྱངས་སྙན་བྱུང་། །
དབྱར་ཟླ་དྲུག་པའི་ལང་ཚོ། །
མ་བྲིས་ཐང་གའི་སྒྱུ་རྩལ། །
གཡུ་འབྲུག་གསུང་སྙན་གྲགས་བྱུང་། །
ཆར་པ་ཤག་ཤག་བབས་བྱུང་། །
དབྱར་ཟླ་དྲུག་པའི་དཔལ་ཡོན། །
འོག་མ་ཀླུ་ཡི་ལོངས་སྤྱོད། །
རི་ཀླུང་སྔོ་ལྗང་བརྒྱན་སོང་། །
ཆུ་མོ་དྭངས་ཤིང་གཙང་བ། །
དབྱར་ཟླ་དྲུག་པའི་མཛེས་སྡུག །
གོས་ཆེན་རི་མོ་རང་གྲུབ། །
རྫ་ཡི་འབྲོང་རྒོད་སྐྱིད་སོང་། །
སྤང་གི་ཤྭ་བ་དགའ་སོང་། །
དབྱར་ཟླ་དྲུག་པའི་དགའ་སྐྱིད། །
སུམ་རྩེན་གནས་ལས་ལྷག་སོང་། །
རི་ཆུའི་མཛེས་སྡུག་བར་ལ། །
སྤྲིན་དཀར་ཁ་བཏགས་འཐེན་འདྲ། །
དབྱར་ཟླ་དྲུག་པའི་ལང་ཚོ། །
མཁས་པའི་པིར་གྱིས་བཞེངས་འདྲ། །
མེ་ཏོག་ས་ལ་མཛེས་མཛེས། །
མཁའ་ལ་འཇའ་ཚོན་མཛེས་སོང་། །
དབྱར་ཟླའི་འཇོ་སྒེག་ཁྲོད་ནས། །
སེམས་ཅན་བདེ་སྐྱིད་ལྡན་སོང་། །
དྲི་བསུང་ཕྱོགས་བཞིར་འཐུལ་བའི། །
རྐང་འཐུང་གཟུགས་བྱད་ཡག་པ། །
དབྱར་ཟླ་དྲུག་པའི་མཚར་སྡུག །
སྨྲ་བསམ་བརྗོད་ལས་འདས་པ། །
སྒེག་ལྡན་དབྱར་ཟླའི་དུས་ལ། །
སྐྱིད་པའི་དགོད་སྒྲ་ལྷང་ལྷང་། །
སྟོན་མཇུག་རླུང་དང་སེར་བའི། །
བར་ཆད་མེད་པས་སྐྱིད་བྱུང་། །
འབྲེལ་ཡོད་གསར་འགྱུར།