དབྱར་གྱི་དཔལ་མོ།
རི་རབ་སྟོད་ཕྱོགས་གྱེན་དུ་སྟར་ཕྲེང་གཟེངས། །
རྫ་དཀར་མི་གཡོ་བརྗིད་པའི་མདངས་སུ་སྒེག །
ཡིད་འོང་ཁོར་ཡུག་དྭངས་གཙང་འཛུམ་བག་གྲོལ། །
སྐྱིད་པའི་མཐོ་སྒང་དབྱར་གྱི་དཔལ་ཡོན་མཛེས། །
ཆུ་འཛིན་ལང་ལོང་མཛེས་པའི་གར་ལ་རོལ། །
དྲི་བྲལ་གཡའ་དག་ཨ་སྔོན་སྣུམ་ཞག་འཁྱིལ། །
ཉི་གཞོན་དྲོད་འཇམ་ནམ་མཁའི་ཀློང་ནས་གསལ། །
ཡུལ་སྡེ་སྐྱིད་པའི་ཉམས་དགའ་དཔལ་དུ་འཇོ། །
གཡུ་ལོ་ཐགས་སུ་བཀྲ་བའི་སྔོ་ལྗང་ཞིང་། །
ཁུ་བྱུག་གྲེ་འགྱུར་སྐད་སྙན་སིང་སིང་སྒྲོག །
བྱ་བྱེའུ་མཐོངས་སུ་འཕུར་ལྡིང་གར་ལ་རྩེན། །
ནགས་ཀློང་ཚང་ཚིང་ཡུལ་གྱི་རྒྱན་དུ་བལྟམས། །
སྨད་ཕྱོགས་གཞུང་ཆུ་ལྷུང་ལྷུང་སྙན་པ་འཇེབས། །
རི་ཀླུང་ལུས་བཟང་མིག་གི་སྨན་དུ་བྲན། །
ལྗོན་ཤིང་ཉི་གདུགས་འོག་ཏུ་ཚ་གཡོལ་གྱིས། །
སྙན་ངག་ལམ་ནས་དབྱར་གྱི་དཔལ་ལ་བསྟོད། །
རྩི་ཤིང་མེ་ཏོག་དཀར་དམར་སྤང་ཁར་བཞད། །
བསིལ་མོ་རླུང་གིས་མགོ་ལྕོག་ལྡེམ་ལྡེམ་གཡོ། །
དྲི་བསུང་འཐུལ་བའི་གེ་སར་རོ་བརྒྱ་འཛོམས། །
དབྱར་དུས་སཱ་ལའི་སྨན་ལྗོངས་ཨེ་མ་མཛེས། །
ཁྱོན་ཡངས་སྤང་ཐང་གཡུ་གཞོང་སྔོ་མདངས་ཁྱབ། །
གཡུ་སྦྲང་བུང་བས་གཤོག་ཟུང་རྡེབ་བཞིན་དུ། །
བཅུད་བཟང་གེ་སར་འཐུ་བཞིན་འཕུར་ལྡིང་གི །
སྤྲོ་དགའི་སྟངས་སྟབས་སྤང་ཐང་ཡངས་མོར་བསྒྱུར། །
དབྱར་གྱི་དཔལ་མོ་དལ་དལ་ཡུལ་འདིར་ཚེས། །
ངོ་མཚར་སྤྲོ་སྐྱིད་འབུམ་གྱིས་ཚོར་སྣང་རེག །
དབྱངས་ཀྱི་རྒྱུད་སྐུད་གདངས་ལ་སྦྱོར་བའི་ལྷན། །
སྙན་དགུ་ཚོར་བའི་དོན་གྱིས་རང་སྣང་བཟི། །
འབྲེལ་ཡོད་གསར་འགྱུར།