དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཆར་གླུ

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​བུ་ཆུང་།   |     སྤེལ་དུས།  2026-07-19

    ཆར་པ་ལན་གཅིག་བབས་བྱུང་། །

    སྤང་རིའི་སྒང་ལ་བབས་བྱུང་། །

    སྤང་རིར་ར་ལུག་འཚོ་མཁན། །

    རྫི་བོའི་སེམས་ལ་བབས་བྱུང་། །

    ཆར་པ་ལན་གཅིག་བབས་བྱུང་། །

    ཞིང་ཐང་མངལ་དུ་བབས་བྱུང་། །

    ཞིང་ཁའི་ལྗང་པ་གསོ་མཁན། །

    སོ་ནམ་སེམས་ལ་བབས་བྱུང་། །

    ཆར་པ་ལན་གཅིག་བབས་བྱུང་། །

    ཆུ་བོའི་གཞུང་ལ་བབས་བྱུང་། །

    ཆུ་ནང་འཁྱུག་བགྲོད་རྩེན་པའི། །

    ཉ་མོའི་སེམས་ལ་བབས་བྱུང་། །

    ཆར་པ་ལན་གཅིག་བབས་བྱུང་། །

    སྐྱེད་མོས་ཚལ་དུ་བབས་བྱུང་། །

    འཆར་ཀའི་མེ་ཏོག་སྟོང་གི།

    གང་བུའི་ཕང་བར་བབས་བྱུང་། །

    ཆར་པ་ལན་གཅིག་བབས་བྱུང་། །

    ལྗོན་ཤིང་ར་བར་བབས་བྱུང་། །

    གཡུ་ལོའི་རང་མདངས་ཟད་ཁའི། །

    ལྗོན་པའི་རྩ་བར་བབས་བྱུང་། །

    ཆར་པ་ལན་གཅིག་བབས་བྱུང་། །

    རྒྱང་བཞུད་ལམ་དུ་བབས་བྱུང་། །

    ལམ་གྱི་ཚ་གདུག་འགོག་པའི། །

    གདུགས་ཀྱི་བྱེད་པོར་བབས་བྱུང་། །

    ཆར་པ་ལན་གཅིག་བབས་བྱུང་། །

    སྒང་གཤོང་མེད་པར་བབས་བྱུང་། །

    སྔོ་ལྗང་ཚེ་སྲོག་ཀུན་པོའི། །

    དུས་ཐོག་མགོན་དུ་བབས་བྱུང་། །

    ཆར་པ་ལན་གཅིག་བབས་བྱུང་། །

    གངས་ཅན་ལྗོངས་ལ་བབས་བྱུང་། །

    རེ་སྒུག་ཁྲི་ཁྲག་མང་པོའི། །

    འདུན་པ་གསོ་བཞིན་བབས་བྱུང་། །

    ཆར་པ་ལན་གཅིག་བབས་བྱུང་། །

    ནམ་མཁའི་དབྱིངས་ནས་བབས་བྱུང་། །

    ཡུས་དང་ངོ་སོ་མེད་པར། །

    སིམ་སིམ་སིམ་ལ་བབས་བྱུང་། །

    ཆར་པ་ལན་གཅིག་བབས་བྱུང་། །

    མི་རྒན་ལུས་ལ་བབས་བྱུང་། །

    སེམས་པའི་གཡང་རྟེན་ལུས་ཀྱི། །

    ནད་འཇོམས་བདུད་རྩིར་བབས་བྱུང་། །

    ཆར་པ་ལན་གཅིག་བབས་བྱུང་། །

    དར་མའི་སེམས་ལ་བབས་བྱུང་། །

    ལྷག་བསམ་དལ་འགྲོའི་རྒྱུན་གྱི། །

    ཕྱི་ཐག་སྲིང་བཞིན་བབས་བྱུང་། །

    ཆར་པ་ལན་གཅིག་བབས་བྱུང་། །

    ན་ཆུང་ཀླད་ལ་བབས་བྱུང་། །

    རིག་པའི་ལྗང་མྱུག་རྒྱས་པའི། །

    གཏན་གྱི་གཉེན་པོར་བབས་བྱུང་། །

    ཆར་པ་ལན་གཅིག་བབས་བྱུང་། །

    སྲོག་ལྡན་སེམས་ལ་བབས་བྱུང་། །

    སྲོག་མེད་གཟུགས་ལ་བབས་བྱུང་། །

    ཀུན་གྱི་གཞི་ལ་བབས་བྱུང་། །

    ཆར་པའི་དགེ་མཚན་སྨྲས་ན། །

    ཆར་ཐིགས་ལས་ཀྱང་མང་བས། །

    ཆར་པ་ལན་གཅིག་ལན་གཉིས། །

    ཆར་ལྡན་དུས་ལ་འབབ་ཤོག །

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།