དབུ་ཤོག>བོད་ཀྱི་རིག་གནས།>བོད་ལྗོངས་ཡུལ་སྲོལ།
  • ཨ་ཁུ་འབྲོག་པའི་སྒོར་གཞས་སྟངས་སྟབས་ལས། བྱང་ཐང་རིག་གནས་གདེང་ཚོད་ལྷག་པར་མངོན།

    ནག་ཆུའི་སྒོར་གཞས་ནས་བྱང་ཐང་རིག་གནས་ཡུལ་སྐོར་གྱི་དུས་རབས་འགྱུར་ཁུག་ལ་ཉན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-18

    བྱང་ཐང་གི་བྲོ་པ་ཚོ་རྩྭ་ཐང་ཐོག་སྐྱོད་བཞིན་པ།

    མི་སྟོང་གི་ནག་ཆུའི་སྒོར་གཞས་ཀྱི་འཁྲབ་སྟོན་པ་ཡིན་པ།

    བྱང་ཐང་གི་བྲོ་པས་གསེར་རྙེད་ཆུས་ཧང་མཚོའི་ངོགས་སུ་སྒོར་གཞས་འཁྲབ་བཞིན་པ།

    བྱང་ཐང་གི་བྲོ་པ་ཚོས་འཇའ་ཚོན་འོག་ཏུ་སྤྲོ་སྣང་དོད་པའི་ཞབས་བྲོ་འཁྲབ་བཞིན་པ།

    མི་སྟོང་གི་ནག་ཆུའི་སྒོར་གཞས་འཁྲབ་སྟོན་བྱ་ཡུལ་ཡིན་པ།

    ཟླ་6ཚེས་25ཉིན་གྱི་སྔ་དྲོར། ས་བབ་སྨི་4510ཟིན་པའི་ནག་ཆུ་གྲོང་ཁྱེར་གེ་སར་རྟ་རྒྱུག་ཐང་དུ། ཞབས་བྲོ་བ་1105ཡིས་སྒོར་གཞས་ཀྱི་འགྱུར་ཁུག་དང་མཉམ་དུ་ཞབས་བྲོའི་སྟངས་སྟབས་བསྒྱུར། འཛམ་གླིང་ཟིན་ཐོ་དཔང་སྒྲུབ་སྒྲིག་གཞིས(WRCAC)གཏན་འཁེལ་བྱས་པ་བརྒྱུད། ས་མཐོའི་ནག་ཆུར་འཁྲབ་པའི་མི་སྟོང་གི་མཉམ་བྲོ་དེས“འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་མི་སྟོང་གི་ནག་ཆུའི་སྒོར་གཞས”ཀྱི་འཛམ་གླིང་ཟིན་ཐོ་དངོས་སུ་བཏོད་པ་རེད། དཔང་སྒྲུབ་དཔོན་གྱིས་འགྲན་སློང་ལེགས་གྲུབ་བྱུང་བའི་ཁྱབ་བསྒྲགས་བྱས་པ་དང་ནག་ཆུ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ལ་ལག་ཁྱེར་སྤྲོད་སྐབས་རྟ་རྒྱུག་ར་བ་ཡོངས་སུ་དགའ་སྤྲོའི་རྣམ་པས་ཡོངས་སུ་ཁེངས།

    ལོ་རྒྱུས་རང་བཞིན་གྱི་དུས་སྐབས་དེར། འཛམ་གླིང་གིས་ནག་ཆུའི་སྒོར་གཞས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མཐོང་བར་བྱས་པ་མ་ཟད། བྱང་ཐང་གི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་ཁྱབ་སྤེལ་ལ་ཤོག་ལྷེ་གསར་རྐྱང་ཞིག་ཀྱང་ཕྱེ་ཡོད་པ་རེད།

    ཞབས་བྲོའི་ཉམས་འགྱུར་ཁྲོད་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པའི་འཚོ་བའི་ཉམས་སྣང་ཡོད་ཅིང་། རྒན་གཞོན་ཚང་མའི་གདོང་ལས་བབ་ཆགས་པའི་འཛུམ་མདངས་འཕྱུར་བ་དང་ཚང་མས་རོལ་དབྱངས་ཀྱི་འགྲོས་དང་བསྟུན་ནས་སྟངས་སྟབས་གཅིག་མཚུངས་ལ་རོལ་ཞིང་། དེ་ལས་ནག་ཆུའི་སྒོར་གཞས་ཀྱི་སྒེག་ཉམས་དང་བྱང་ཐང་ཡུལ་གྲུའི་རང་མདངས་མངོན་པ་མ་ཟད། དུས་རབས་གསར་པའི་གར་སྟེགས་སུ་སྲོལ་རྒྱུན་རིག་གནས་ཀྱི་མཚར་སྡུག་གཟི་འོད་འཕྲོ་བར་བྱས།

    ལོ་ངོ་སྟོང་གི་ཞབས་བྲོ། རྩྭ་ཐང་དང་འབྲོག་ར་ནས་འཛམ་གླིང་གི་གར་སྟེགས་སུ་འཁྲབ་པ།

    ནག་ཆུའི་སྒོར་གཞས་ཁྲོད་ནས་ནོར་ནག་གི་རྔམ་ཟིལ་དང་། བྱ་གླག་གི་གཤོག་འགྱུར། ཁྲུང་ཁྲུང་སྐེ་ནག་གི་སྒེག་ཉམས་བཅས་མངོན་ཞིང་། དབྱངས་འགྲོས་གསལ་ལ་ཡིད་དབང་འཕྲོག་པ་དང་། དལ་ལྷོད་ཟུང་འབྲེལ་གྱི་ཉམས་འགྱུར་ཁྲོད་ནས་བྱང་ཐང་མི་དམངས་ཀྱི་ལས་ལ་བརྩོན་ཞིང་དཔའ་ངར་ཆེ་བ་དང་ལྷག་བསམ་རྣམ་དག་གི་བསམ་པའི་གཤིས་རྒྱུད་མངོན་ཞིང་། ཤུགས་རྐྱེན་དང་ཡིད་དབང་འཕྲོག་ནུས་ཆེ་བར་བརྟེན། ཡུལ་དེ་གའི་མང་ཚོགས་ཀྱིས་དུས་སྟོན་དང་། གཉེན་སྒྲིག རྒྱུན་གཏན་གྱི་སྤྲོ་སྐྱིད་བཅས་ཀྱི་སྐབས་སུ་འཁྲབ་པའི་གླུ་གར་གཙོ་བོའི་གྲས་སུ་གྱུར་ཡོད།

    འབྲོག་ཡུལ་དུ་སྒོར་སྒོར་བྱས་ཏེ་འཁྲབ་པའི་ཞབས་བྲོ་ནས་གྲོང་ཁྱེར་གྱི་ཐང་ཆེན་དུ་མང་ཚོགས་ཀྱིས་འཁྲབ་པའི་ཞབས་བྲོའི་བར་དང་། རང་ཡུལ་གྱི་དུས་ཆེན་སྐབས་ཀྱི་འཆར་ཅན་འཁྲབ་ཚན་ནས་རྒྱལ་ཁབ་ཕྱི་ནང་གི་གར་སྟེགས་སུ་གདན་ཞུས་ལྟར་འཁྲབ་སྟོན་བྱེད་པའི་བར་དུ། ནག་ཆུའི་སྒོར་གཞས་ནི་རིམ་བཞིན་རྩྭ་ཐང་ནས་ཡུལ་གྲུ་གང་སར་ཁྱབ་ཡོད།

    མངོན་མིན་ཤུལ་བཞག་གི་མཐུན་རྐྱེན།“གསོན་ཉམས་རྒྱུན་འཛིན”ནས“འཁོར་རྒྱ་གྲོལ་བའི་དར་ཁྱབ”བར།

    ཉེ་བའི་ལོ་ཤས་རིང་། ནག་ཆུའི་སྒོར་གཞས་དེ་ཁྲེང་ཏུའུ་དང་། པེ་ཅིང་། ཧྲང་ཧའེ། ཁུན་མིང་། ཤིས་ཨན། ཧང་ཀྲོའུ་སོགས་ལ་སྔ་རྗེས་སུ་འཁྲབ་པ་མ་ཟད། བརྙན་ཐུང་ལས་སྟེགས་སུ་དོ་ཁུར་ཆེན་པོ་ཐོབ་ནས་བྱང་ཐང་ཤེས་རྟོགས་ཐུབ་སའི་རིག་གནས་མིང་བྱང་གི་གྲས་སུ་གྱུར་ཡོད།

    རྩྭ་ཐང་གི་འབྲོག་ར་ནས་རིམ་བཞིན་ལྷ་ས་དང་ཁྲེང་ཏུའུ་ཡི་ཐང་ཆེན་དུ་འཁྲབ་ཅིང་། མི་ཁྲི་སྟོང་མང་པོའི་ལག་ཐོགས་ཁ་པར་གྱི་བརྙན་ཤེལ་དུ་མངོན་ཡོད། དེ་ཡང་ནག་ཆུའི་སྒོར་གཞས་ཁྱབ་སྤེལ་བྱུང་བ་ནི་དུས་ཐུང་གི་འབད་བརྩོན་འབྲས་བུ་ཙམ་གཏན་ནས་མིན།

    སྲོལ་རྒྱུན་གྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་མཚོན་ན། རྒྱུན་དུ་ཕྱི་ཚུལ་རྣམ་པར་གཙིགས་ཆེན་གྱིས་ཚད་ལྡན་ཅན་དང་ཚད་གཞི་ཅན་ལ་བརྟེན་ནས་སྒྱུ་རྩལ་གྱི་མཚོན་སྟངས་གཏན་འཁེལ་བྱེད་ཀྱི་ཡོད་མོད། འོན་ཀྱང་ནག་ཆུའི་སྒོར་གཞས་ནི་ཧ་ལམ་དེ་ལས་རྦད་དེ་ལྡོག་པའི་བགྲོད་ལམ་དུ་བསྐྱོད་ཡོད་པ་རེད།

    བརྙན་ཐུང་དར་འཕེལ་བྱུང་བ་དེས་ནག་ཆུའི་སྒོར་གཞས་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་བསྐྲུན་ཡོད། 2019ལོར་རྒན་ཡོལ་ཞུས་པའི་ལས་བྱེད་པ་གསལ་སྟོབས(སྒོར་གཞས་འཁྲབ་ས་ནས་ཁོང་ལ“ཨ་ཁུ་ཞྭ་དཀར”ཞེས་འབོད)ཀྱིས་བསྒྲིགས་པའི་ཞབས་བྲོའི་དུམ་བུ་ཞིག་འཁྱུག་དབྱིངས་ནང་དུ་སྐད་གྲགས་ཆོད་དེ་སྒོར་གཞས་འབྲོག་ཁུལ་ནས་གྲོང་ཁྱེར་དུ་ཁྱབ་གདལ་བཏང་བ་རེད། དེ་རྗེས་ཁྲེང་ཏུའུ་རོ་མའི་ཐང་ཆེན་ནི་ནག་ཆུའི་སྒོར་གཞས་ཀྱི་གར་སྟེགས་གསར་པར་གྱུར་ཡོད། ས་ཆ་དེ་གར་འཁྲབ་པའི་ཞབས་བྲོ་ཕྱི་ཉིན་རྒྱལ་ཡོངས་སུ་དར་ཁྱབ་ཏུ་འགྲོ་སྲིད་པ་ཞིག་རེད།

    ནག་ཆུའི་སྒོར་གཞས་ལ་དམངས་ཁྲོད་ཀྱི་རྨང་གཞི་ཟབ་པ་དང་། མང་ཚོགས་ཀྱི་དགའ་བསུ་ཚད་མེད་ཐོབ་པ། ཁྱབ་སྤེལ་གྱི་འཚམ་མཐུན་རང་བཞིན་ཆེན་པོ་བཅས་ལྡན་པར་བརྟེན། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་ནི་ད་ཆ་མི་ཉུང་ཤས་ཀྱིས་སྲོལ་རྒྱུན་ལག་ཤེས་སྲུང་བ་ཞིག་མིན་པར་མི་ཕལ་པ་གྲངས་མེད་ཀྱིས་མཉམ་སྤྱོད་དང་མཉམ་གཏོད་བྱེད་པའི་རིག་གནས་ལག་ལེན་དུ་གྱུར་ཡོད།

    2025ལོའི་ཟླ་11པར། ནག་ཆུའི་སྒོར་གཞས་གཙོ་བོར་བྱས་པའི་ཐང་ཆེན་ཞབས་བྲོ《དགའ་སྤྲོ་འཁོལ་བའི་ཞབས་བྲོ》ཞེས་པ་གསར་རྩོམ་བྱས་པར་རྒྱལ་ཁབ་ཀྱི་མང་ཚོགས་རིག་རྩལ་ཁྱབ་ཁོངས་ཀྱི་བྱ་དགའ་མཐོ་ཤོས“སྐར་ཚོགས་བྱ་དགའ”ཐོབ་པ་དང་། 2026ལོའི་ཟླ་4པར། ནག་ཆུའི་སྒོར་གཞས་དེ་བོད་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཁག་བདུན་པའི་མིང་གཞུང་ནང་ཚུད་པ་རེད།

    གཞུང་ཕྱོགས་དང་དམངས་ཁྲོད་ཀྱིས་མཉམ་འགུལ་དང་། སྲུང་སྐྱོང་དང་གསར་གཏོད་ཟུང་འབྲེལ་བྱས་པས་ནག་ཆུའི་སྒོར་གཞས་ཀྱིས་བྱང་ཐང་རིག་གནས་ཀྱི་རྩ་བ་སྲུང་ཐུབ་པ་མ་ཟད། དུས་རབས་ཀྱི་འཕར་རྩ་དང་བསྟུན་ནས་དར་རྒྱས་སོང་ཞིང་། གསོན་ཉམས་རྒྱུན་འཛིན་འོག་འཁོར་རྒྱ་གྲོལ་བའི་དར་ཁྱབ་བྱུང་ནས་བྱང་ཐང་གི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཁྲོད་ཀྱི་བཀྲག་མདངས་འཚེར་བའི་རིག་གནས་ཀྱི་མིང་བྱང་ཞིག་ཏུ་གྱུར་ཡོད།

    འབྱུང་འགྱུར་ལ་ཕྱོགས་པ། བློ་སེམས་གཅིག་མཐུན་གྱིས་དུས་རབས་ཀྱི་འགྱུར་ཁུག་མཉམ་དུ་དཀྲོལ་བ།

    སྒོར་གཞས་ཤིག་ལས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་གྱི་འགྱུར་ཁུག་གསར་པ་ཞིག་མངོན་པ་མ་ཟད། རིག་གནས་ལུས་རྩལ་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་གོམ་སྒྲ་ཆེན་པོ་ཞིག་ཀྱང་གྲགས་པ་རེད། བྱང་ཐང་ས་མཐོ་ནས་རྒྱལ་ཡོངས་ས་གནས་ཁག་བར་བྱང་ཐང་གི་སྒོར་གཞས་དེས་སྒོ་དབྱེའི་རྣམ་པའི་ཐོག་ནས་དེང་རབས་ཀྱི་འཚོ་བ་དང་མཉམ་འདྲེས་བྱེད་བཞིན་ཡོད།

    མུན་པ་རིམ་བཞིན་རུབ་ཅིང་། གེ་སར་རྟ་རྒྱུག་ཐང་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐང་ཆེན། གྲོང་ཚོའི་འགྲམ་གྱི་འབྲོག་ར་སོགས་ཀྱི་ཐང་སྟོང་ནས་གླུ་དབྱངས་ཀྱི་འགྱུར་ཁུག་གྲགས་པ་དང་། ནག་ཆུའི་སྒོར་གཞས་ཀྱི་འཕེལ་རྒྱས་ལམ་བུ་དེས་ཕྱི་ཕྱོགས་ལ་བརྡ་རྟགས་གསལ་པོ་ཞིག་བཏང་བ་སྟེ། ཕྱིའི་རྣམ་པ་ནས་ཚོད་འཛིན་མི་བྱེད་པར་གཏིང་ཟབ་པའི་ནང་དོན་སྔོག་འདོན་བྱས་ཚེ་གནའ་བོའི་རིག་གནས་ལས་མི་རྣམས་ཧང་སངས་དགོས་པའི་གསར་གཏོད་ནུས་པ་དང་ཁྱབ་སྤེལ་ནུས་པ་ཐོན་ཐུབ།

    མིག་སྔར། ནག་ཆུའི་སྒོར་གཞས་ཀྱི་འགྱུར་ཁུག་དེ་ས་ཐག་དེ་བས་རིང་བར་གྲགས་ཤིང་། མི་ཁྲི་སྟོང་མང་པོའི་ལག་ཐོགས་ཁ་པར་གྱི་བརྙན་ཤེལ་ནང་མི་ཚང་མ་སྒོར་གཞས་ཀྱི་རྒྱུན་འཛིན་པར་གྱུར་ཡོད།

    གེ་སར་རྟ་རྒྱུག་ཐང་དུ་མི་སྟོང་གི་སྒོར་གཞས་ལྷིང་འཇགས་ཀྱང་ས་ཆ་དེ་བས་མང་བར་སྒོར་གཞས་མུ་མཐུད་འཁྲབ་བཞིན་ཡོད། སྒོར་མོའི་ཚངས་ཕྱེད་སྣུར་སྲིང་བྱེད་བཞིན་ཡོད་ཀྱང་ལྟེ་བ་གཏན་ནས་ཡོ་མི་སྲིད། སྒོར་ཐིག་འདིའི་ནང་ཚང་མས་འཁྲབ་པ་ནི་སྒོར་གཞས་ཁོ་ན་མ་ཡིན་པར། དུས་རབས་འདིར་གཏོགས་པའི་སྐྱིད་ལྷང་ལྷང་གི་འཚོ་བའི་ཉམས་སྣང་དེ་བས་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།