དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • བོད་སྐད་གློག་བརྙན་སྒྱུར་བཟོའི་བྱ་གཞག་གིས་མི་རིགས་རིག་གནས་སྤེལ་རེས་ཀྱི་སྦྲེལ་ཟམ་བསྐྲུན་པའི་སྐོར་ལ་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-16

    སྐད་ཡིག་ལས་བརྒལ་བ་དང་རིག་གནས་ལས་བརྒལ་བའི་བརྒྱུད་སྤེལ་གྱི་འགག་རྩའི་འབྲེལ་ཐག་ཡིན་པའི་བོད་སྐད་གློག་བརྙན་བརྙན་འཕྲིན་སྒྱུར་བཟོ་ནི་ནང་དོན་བརྗེ་སྒྱུར་གྱི་ལག་རྩལ་ལས་དོན་ཞིག་ཡིན་པ་མ་ཟད། རིག་གནས་བརྒྱུད་སྤེལ་དང་མི་རིགས་དབར་གྱི་འགྲོ་འོང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་དམངས་འཚོའི་འདུ་འགོད་ཅིག་ཀྱང་ཡིན་ཞིང་། ཕྱོགས་གཅིག་ནས་ནང་སའི་ཕུལ་བྱུང་རིག་གནས་གྲུབ་འབྲས་ཁྱབ་གདལ་གཏོང་བ་དང་ཕྱོགས་གཞན་ཞིག་ནས་བོད་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཕྱི་ཕྱོགས་སུ་བརྒྱུད་སྤེལ་གཏོང་དང་གཏོང་བཞིན་ཡོད། དེའི་སྤུས་ཚད་ནི་རིག་གནས་དམངས་ཕན་གྱི་ཕན་འབྲས་དངོས་དང་ཐད་ཀར་འབྲེལ་བ་ཡོད་ལ་མི་རིགས་ཁག་དབར་གྱི་རིག་གནས་ཀྱི་ཐུན་མོང་ངོས་འཛིན་ལའང་ཤུགས་རྐྱེན་ཐེབས་ཀྱི་ཡོད། 

    ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱི་རིག་གནས་ཀྱིས་ཤིན་ཅང་ལ་ཕན་འདོགས་པ་དང་རིག་གནས་ཀྱིས་བོད་ལ་ཕན་འདོགས་པའི་འདུ་འགོད་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་བསྟུན་ནས་བོད་སྐད་གློག་བརྙན་བརྙན་འཕྲིན་སྒྱུར་བཟོའི་སྲིད་ཇུས་འགན་ལེན་མ་ལག་རྒྱུན་མཐུད་ངང་འཐུས་སྒོ་ཚང་དུ་ཕྱིན་ཡོད། སྒྱུར་བཟོའི་ཐོན་ཁུངས་ཀྱི་ཆེད་དོན་མ་འཇོག་དང་སྒྱུར་བཟོའི་ནང་དོན་གྱི་སྤྱི་འདོམས་འཆར་འགོད་ནས་སྒྱུར་བཟོའི་གྲུབ་འབྲས་གཞི་རིམ་དུ་ཁྱབ་གདལ་གཏོང་བའི་བར་རོགས་སྐྱོར་སྲིད་ཇུས་རབ་དང་རིམ་པས་བྱ་གཞག་འདི་ཉིད་ཀྱི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་ཁྲིད་སྟོན་བྱས་ཡོད་པ་སྟེ། སྒྱུར་བཟོའི་ལས་དོན་གྱིས་མ་རྩོམ་གྱི་ལྟེ་བའི་མཚོན་ཚུལ་ལ་བརྩི་འཇོག་བྱེད་དགོས་པའི་བླང་བྱ་བཏོན་པ་མ་ཟད། བོད་རིགས་མང་ཚོགས་ཀྱི་སྐད་ཡིག་གི་གོམས་གཤིས་དང་རིག་གནས་ཀྱི་ཁོར་ཡུག་དང་འཚམ་པ་བྱས་ནས《འཁྱམ་ལ་ཉུལ་བའི་སའི་གོ་ལ2》དང《རི་ཀླུང་གི་བརྩེ་སེམས》《རུ་ཆེན་གསུམ》སོགས་རང་རྒྱལ་གྱིས་བཟོས་པའི་ཕུལ་བྱུང་གློག་བརྙན་དང་དོན་དངོས་བརྗོད་གཞིར་བྱས་པའི་ཟློས་གར་ཕྱོགས་བསྒྲིགས་ཀྱིས་སྙིང་སྟོབས་ཀྱི་དོན་སྙིང་གནད་ལ་འཁེལ་བའི་སྒོ་ནས་བརྒྱུད་སྤྲོད་ཐུབ་པ་བྱས་ཏེ་བོད་རིགས་མང་ཚོགས་ཀྱིས་སྤུས་ལེགས་རིག་གནས་ཀྱི་ནང་དོན་མཉམ་སྤྱོད་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། དེ་དང་ཆབས་ཅིག་《རྒྱང་རིང་གི་འབུར་ལོག་གངས་རི》དང་《ཨོ་ལོ》སོགས་ས་གནས་དེ་གའི་རིག་གནས་IPསྐད་རིགས་མང་པོར་བསྒྱུར་རྒྱུར་རྒྱབ་སྐྱོར་བྱས་ནས་བོད་རིགས་ཀྱི་རིག་གནས་ཕྱིར་བསྐྱོད་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ལ་གངས་ལྗོངས་ས་མཐོའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་ཡོད། 

    སྲིད་ཇུས་ཀྱི་བླང་བྱ་འདི་ཉིད་དོན་འཁྱོལ་བྱ་རྒྱུ་དེ་མཐར་སྒྱུར་བཟོའི་ལས་དོན་མི་སྣ་ཚང་མའི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་མངོན་འགྱུར་བྱེད་དགོས་ཀྱི་ཡོད་པ་རེད། བོད་སྐད་ཀྱི་གློག་བརྙན་དང་བརྙན་འཕྲིན་སྒྱུར་བཟོ་ནི་སྟབས་བདེའི་ཡིག་ངོས་བརྗེ་སྒྱུར་ཞིག་གཏན་ནས་མིན་པ་སྟེ། རྒྱ་སྐད་ཀྱི་ཁ་རྒྱུན་དང་དྲ་རྒྱའི་ཐོག་གླེང་མང་བའི་ཐ་སྙད་འཕྲད་སྐབས་བོད་སྐད་ནང་གི་ཚིག་དོན་དང་བརྩེ་དུང་འདྲ་མཚུངས་ཀྱི་མཚོན་ཚུལ་འཚོལ་དགོས་པ་དང་། ཐད་སྒྱུར་བྱས་པ་བརྒྱུད་ལྟད་མོ་བར་གོ་བ་ལེན་དཀའ་བའི་གནས་ཚུལ་མི་ཐོན་པ་བྱེད་དགོས། མི་རིགས་རིག་གནས་དང་ཆོས་ལུགས་གོམས་སྲོལ་གྱི་ནང་དོན་དང་འབྲེལ་བ་ཡོད་པ་ཡིན་ཚེ། ཞིབ་བསྡུར་ཡང་ཡང་བྱེད་དགོས་པ་ལས། མ་རྩོམ་གྱི་གོ་དོན་ནོར་འཁྲུལ་གྱིས་གསེད་བཀྲོལ་བྱེད་མི་རུང་ལ། རིག་གནས་ཀྱི་ཁྱད་ཆོས་སམ་བྲོ་བ་ལ་ཡང་བཅོས་སྒྲིག་ཐལ་དྲགས་པ་ཤོར་མི་རུང་། ཡིག་བརྙན་གྱི་ཡིག་རྟགས་དང་། དུས་ཡུན་རིང་ཚད། པར་སྒྲིག་བཅས་ཚང་མ་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཀྱི་གློག་བརྙན་ལྟ་བའི་གོམས་གཤིས་དང་འཚམ་པར་བྱས་ཏེ་རྒན་རྒོན་ཚོས་ཀྱང་ནང་དོན་གོ་སླ་བའི་འགན་ལེན་བྱེད་དགོས། ད་ཆ་AIཡིག་སྒྱུར་མཉེན་ཆས་ཀྱིས་རྨང་གཞིའི་སྐད་ཡིག་བསྒྱུར་ཐུབ་ཀྱི་ཡོད་མོད། འོན་ཀྱང་འཕྲུལ་ཆས་ཀྱིས་བོད་སྐད་ནང་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ནང་དོན་དང་། སེམས་པའི་འཁྱེར་སོ་མཚོན་ཐབས་ཐད་གོ་བ་ལེན་ཐབས་བྲལ་ལ། བརྗོད་པ་དེ་རིག་གནས་གོམས་སྲོལ་དང་མཐུན་མིན་ཡང་བརྡར་ཤ་གཅོད་ཐུབ་ཀྱི་མེད། མདོར་ན། མཐའ་མའི་ནང་དོན་དག་བཅོས་དང་། རིག་གནས་འཚམ་སྒྲིག བསམ་བློའི་འཁྱེར་སོར་བརྡར་ཤ་གཅོད་པ་བཅས་ཚང་མ་མི་ཐབས་ཏེ་ཆེད་ལས་ཡིག་སྒྱུར་མི་སྣས་ཞིབ་བཤེར་གཏན་འབེབས་བྱེད་རྒྱུར་བརྟེན་རྒྱུ་ཁོ་ན་ཡིན་ལ། ཡིག་སྒྱུར་མི་སྣའི་ནུས་པ་དང་འགན་འཁྲི་འཁུར་སེམས་ནི་བོད་སྐད་གློག་བརྙན་བརྙན་འཕྲིན་འཁྲབ་ཚན་འགྱུར་མའི་སྤུས་ཚད་ཀྱི“འགག་སྒོ”་ཡིན།   

    དེར་བརྟེན་ཆེད་ལས་སྒྱུར་བཟོའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་ནི་ལས་རིགས་དེ་ཡི་འཕེལ་རྒྱས་ཀྱི་སྲོག་ཤིང་ལྟ་བུ་ཡིན། མིག་སྔར་བོད་སྐད་གློག་བརྙན་བརྙན་འཕྲིན་སྒྱུར་བཟོའི་དཔུང་ཁག་ལ་རྒྱ་བོད་སྐད་ཡིག་གཉིས་ཀྱི་ནུས་པ་བརྟན་པོ་དགོས་པ་མ་ཟད། གློག་བརྙན་བརྙན་འཕྲིན་གསར་རྩོམ་གྱི་ཆོས་ཉིད་ལ་རྒྱུས་མངའ་ཡོད་པ་དང་མི་རིགས་ཀྱི་རིག་གནས་གོམས་སྲོལ་ཤེས་རྟོགས་ཐུབ་པ་བྱེད་དགོས། འབྲེལ་ཡོད་སློབ་གླིང་གིས་ཁ་ཕྱོགས་གཏན་འཁེལ་གྱིས་འབྲེལ་ཡོད་ཆེད་ལས་སློབ་ཚན་བཀོད་སྒྲིག་བྱས་ནས་སྐད་བརྡའི་ནུས་པ་དང་། གློག་བརྙན་བརྙན་འཕྲིན་ཐད་ཀྱི་བྱང་ཚད། རིག་གནས་རྒྱུན་ཤེས་གསོ་སྐྱོང་བཅས་གཞི་གཅིག་ཏུ་གསོ་སྐྱོང་བྱེད་ཆོག་ལ། ལས་རིགས་མཐུན་ཚོགས་ཀྱིས་ཀྱང་རྒྱུན་རྣམ་ཅན་གྱི་གསོ་སྦྱོང་ལམ་སྲོལ་བཙུགས་ནས་སྒྱུར་བཟོའི་བསླབ་པ་རྒན་གྲས་སྒྲིག་འཛུགས་བྱས་ཏེ་ཉམས་མྱོང་མཉམ་སྤྱོད་ཀྱི་བྱེད་སྒོ་སྤེལ་ནས་དཔུང་ཁག་ཧྲིལ་པོའི་ཆེད་ལས་ནུས་པ་གོང་མཐོར་གཏོང་དགོས། དེ་དང་ཆབས་ཅིག་ལུགས་མཐུན་གྱི་ལྕག་སྐུལ་སྲིད་ཇུས་མ་ལག་ཚང་བ་བྱས་ནས་སྒྱུར་བཟོའི་མི་སྣའི་ཐོབ་ཐང་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ་སྤུས་ལེགས་ཤེས་ལྡན་མི་སྣ་དེ་བས་མང་བ་བྱ་གཞག་དེའི་ནང་ཞུགས་འདོད་ཡོད་པ་བཟོ་དགོས།

    བོད་སྐད་གློག་བརྙན་བརྙན་འཕྲིན་སྒྱུར་བཟོ་ནི་མི་རིགས་ཁག་གི་རིག་གནས་ཐད་སྐད་ཆ་ཤོད་རེས་བྱེད་པའི“མགྲིན་གཅིག་བརྒྱུད་སྒྱུར”་ཞིག་ཡིན་པས། ཡག་ཐོག་ཡག་བརྩེགས་ཀྱི་བྱ་ཐབས་ལ་བརྟེན་ནས་འཁྲབ་ཚིག་རེ་རེ་དང་ཡིག་བརྙན་རེ་རེ་བཞིན་བསྲེགས་བཅད་བརྡར་གསུམ་བྱས་ཚེ་གཞི་ནས་འོད་བརྙན་བརྩམས་ཆོས་སྐད་བརྡའི་བཀག་རྒྱ་ལས་བརྒལ་ནས་མི་རིགས་ཁག་གི་དམངས་སེམས་འབྲེལ་མཐུད་དང་རིག་གནས་མཉམ་འདྲེས་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཟམ་པ་ལྟ་བུར་འགྱུར་ཐུབ།

    (བོད་རང་སྐྱོང་ལྗོངས་གློག་བརྙན་སྤྱི་པའི་ཞབས་ཞུ་ལྟེ་གནས་ཀྱི་སྐལ་བཟང་ཆོས་སྒྲོན)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།