དབུ་ཤོག>བོད་ཀྱི་རིག་གནས།>མི་སྣ།
  • གཞོན་སྐྱེས་ལག་ཤེས་པ་པ་སངས་བདེ་སྐྱིད་ཀྱིས་སྲོལ་རྒྱུན་འཚེམ་དྲུབ་ལ་བཀྲག་མདངས་གསར་པ་འཚེར་བ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-15

    ལྷ་སའི་ལྷ་མོའི་འཁྲབ་སྟོན་ནམ་དུས་སྐབས་བརྒྱད་པའི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་ཁུལ་དུ་གཞོན་སྐྱེས་ལག་ཤེས་པ་པ་སངས་བདེ་སྐྱིད་ཀྱིས་གསར་བཟོ་བྱས་པའི་བོད་བཟོའི་འཚེམ་དྲུབ་བྲང་རྒྱན་ལ་ཚང་མའི་དགའ་བསུ་ཐོབ་ཡོད། མངོན་མིན་རིག་གནས་ཤུལ་བཞག་ཁྱིམ་རྒྱུད་ཀྱི་གཞོན་སྐྱེས་ལག་ཤེས་པ་ཞིག་ཡིན་པའི་པ་སངས་བདེ་སྐྱིད་ཀྱིས་ཐོག་མའི་བསམ་འདུན་ལ་བརྟེན་ནས་གནའ་ཉམས་བརྟན་སྲུང་དང་གསར་གཏོད་ལ་བརྟེན་ནས་སྲོལ་རྒྱུན་ལ་མཐུན་རྐྱེན་སྦྱར་ཏེ། ཁབ་སྐུད་རེ་རེར་བརྟེན་ནས་ལྷ་སའི་འཚེམ་དྲུབ་རྒྱུན་འཛིན་གྱི་ལེའུ་གསར་པ་མུ་མཐུད་རྩོམ་བཞིན་མཆིས།

    པ་སངས་བདེ་སྐྱིད་ནི་འཚེམ་དྲུབ་ཁྱིམ་རྒྱུད་དུ་འཚར་ལོངས་བྱུང་བ་དང་། ཁོ་མོའི་ཕ་ནོར་བུ་ནི་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་འཚེམ་དྲུབ་ཀྱི་རྒྱུན་འཛིན་པ་ཡིན་ཞིང་། ལོ་བཞི་བཅུ་ལྷག་ཙམ་རིང་སྲོལ་རྒྱུན་གོས་ཐང་གི་ལས་ལ་གཞོལ་ཏེ། གནའ་ཉམས་དམ་སྲུང་གིས་ལག་རྩལ་གྱི་འབྱུང་གཞི་བརྟན་པོ་བསྲུངས་ཡོད། ཆུང་ངུའི་དུས་ནས་པ་ཕའི་ཤུགས་རྐྱེན་ཐེབས་པའི་དབང་གིས། པ་སངས་བདེ་སྐྱིད་ཀྱིས་སྔ་མོ་ནས་སྲོལ་རྒྱུན་གྱི་ལག་རྩལ་ཆ་ཚང་ཤེས་ཏེ་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་པའི་བསམ་བློ་འཁོར། སློབ་ཆེན་ཐོན་རྗེས། ཁོང་གིས་པ་ཕའི་རྗེས་སུ་འབྲངས་ནས་བློ་རྩེ་གཅིག་སྒྲིམ་གྱིས་འཚེམ་དྲུབ་ལག་རྩལ་སྦྱངས་པ་དང་། སྲོལ་རྒྱུན་བཟོ་རྩལ་གྱི་སྙིང་བཅུད་རྒྱུན་འཛིན་ཏན་ཏིག་བྱས་ཏེ། མངོན་མིན་རིག་གནས་ཤུལ་བཞག་ལག་རྩལ་གྱི་རྒྱུན་ལེགས་པར་བསྐྱངས་ཡོད།

    གཞུང་འཁྱོངས་ལས་རྙིང་ཞེན་མི་རུང་བ་དང་། རྒྱུན་འཛིན་བྱེད་བཞིན་གསར་གཏོད་ལ་སྔར་བས་མཐོང་ཆེན་བྱས་ཤིང་། སྲོལ་རྒྱུན་ལག་རྩལ་བྱང་ཆུབ་པའི་པ་སངས་བདེ་སྐྱིད་ཀྱིས་གནའ་བོའི་མངོན་མིན་རིག་གནས་ཤུལ་བཞག་དག་དུས་རབས་དང་འཚམ་མཐུན་བྱུང་ཚེ་གཞི་ནས་སྐྱེ་སྟོབས་གསར་པ་རྒྱས་ཐུབ་པ་གསལ་པོ་ཤེས་ཀྱི་ཡོད། སྲོལ་རྒྱུན་འཚེམ་དྲུབ་ཀྱི་གསར་རྩོམ་བཀག་རྒྱ་ལས་སྒྲོལ་ཆེད། ཁོང་ཐག་རིང་གི་སུའུ་ཀྲོའུ་ཡི་འཚེམ་དྲུབ་ལག་རྩལ་སྦྱོང་བར་བསྐྱོད་ནས་འཚེམ་ཁ་ཞིབ་ལ་བཀོད་པ་ལེགས་པའི་སུའུ་ཀྲོའུ་འཚེམ་དྲུབ་ཀྱི་འཚེམ་བུ་རྒྱག་སྟངས་དེ་འཚེམ་ཁ་རྩིང་ལ་འབུར་གཟུགས་ཀྱི་ལྷ་སའི་འཚེམ་དྲུབ་ཀྱི་ཁྱད་ལྡན་འཚེམ་བུ་རྒྱག་སྟངས་དང་མཉམ་འདྲེས་བྱས་ནས་འཚེམ་དྲུབ་ལག་རྩལ་གཉིས་པོ་མཉམ་འདྲེས་མཉམ་གནས་ཐུབ་པར་བྱས་ཏེ། ཐུན་མོང་མ་ཡིན་པའི་གསར་རྩོམ་ཉམས་འགྱུར་ཞིག་ཆགས་པར་བྱས་པས། བོད་ཁུལ་འཚེམ་དྲུབ་ཀྱི་སྲོལ་རྒྱུན་གསར་རྩོམ་བྱེད་སྟངས་ལ་འགྱུར་ལྡོག་ཕྱིན་ཡོད།

    མངོན་མིན་རིག་གནས་ཤུལ་བཞག་འགྲེམས་ཁང་དུ་འགྲེམས་སྟོན་བྱེད་པ་ཙམ་མ་ཟད་རྒྱུན་གཏན་འཚོ་བ་དང་མཉམ་འདྲེས་ཐུབ་པར་བྱ་ཆེད། པ་སངས་བདེ་སྐྱིད་ཀྱིས་འཚེམ་གྲུབ་ལ་བརྟེན་ནས་ཐང་ག་ཆེ་གྲས་ཁོ་ན་འཚེམ་པའི་སྔར་ཡོད་སྒྲོམ་གཞི་ལས་བརྒལ་ནས་སྤྱོད་གོ་ཆོད་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་བསམ་བཀོད་ཐོན་རྫས་གསར་གཏོད་ལས་ལ་གཞོལ་ཡོད། ཁོང་གིས་དར་གོས་དང་གོས་ཆེན་སོགས་ཀྱི་སྤུས་ལེགས་རྒྱུ་ཆ་འདེམས་པ་དང་། ཐང་ག་འཚེམ་སྐབས་ལྷག་པའི་རྒྱུ་ཆ་ཚུར་བསྡུ་བེད་སྤྱོད་ཡག་པོ་བྱས་ཏེ། བོད་བཟོའི་འཚེམ་དྲུབ་བྲང་རྒྱན་ཇུས་འགོད་བྱས་ནས་བཟོས་ཡོད། བརྩམས་ཆོས་ལ་བཀྲ་ཤིས་དུང་དཀར་དང་། སྲོལ་རྒྱུན་སྣ་རྒྱན་མེ་ཏོག ཕྱེ་མ་ལེབ་སོགས་བོད་རིགས་ཀྱི་རི་མོ་རྩ་ཆེན་བཀོད་པས། རྟེན་འབྲེལ་བཟང་པོ་མཚོན་ལ་གསོན་ཉམས་དོད་པ་ཞིག་ཡོད།

    ཕ་མེས་ཀྱིས་གནའ་ཉམས་བསྐྱངས་ནས་རྨང་གཞི་བརྟན་པོ་བཏིང་བ་དང་། གཞོན་སྐྱེས་ཀྱིས་གསར་གཏོད་བྱས་ནས་དུས་རབས་ལ་མཐུན་རྐྱེན་སྦྱར་ཡོད། ཕ་ནོར་བུས་མི་ཚེ་ཕྱེད་ཀ་ཙམ་སྲོལ་རྒྱུན་འཚེམ་དྲུབ་ཀྱི་འབྱུང་གཞི་བསྲུངས་བ་དང་། བུ་མོ་པ་སངས་བདེ་སྐྱིད་ཀྱིས་གཞོན་ནུའི་ལྟ་རྒྱར་བརྟེན་ནས་གསར་གཏོད་བྱས་ཏེ། ནང་དོན་ཟབ་པའི་མངོན་མིན་རིག་གནས་ཤུལ་བཞག་ལ་བཀྲག་མདངས་གསར་པ་འཚེར་བ་བྱས་ཡོད། གཞོན་སྐྱེས་ལག་ཤེས་པ་ཁོང་གིས་དགའ་ཞེན་དང་བརྟན་སྲུང་ལ་བརྟེན་ནས་གནའ་བོའི་ལག་རྩལ་ལ་གསོན་ཤུགས་རྒྱས་པ་དང་། ལྷ་སའི་འཚེམ་དྲུབ་ལ་ལང་ཚོའི་བཀྲག་མདངས་གསར་པ་འཚེར་བ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།