རྒྱ་བོད་འཕྲུལ་ཆས་ཡིག་སྒྱུར་གྱི་སྤུས་ཚད་སྐོར་རགས་ཙམ་གླེང་བ།
དུས་རབས་20པའི་ལོ་རབས་30པར“འཕྲུལ་འཆས་ཡིག་སྒྱུར”གྱི་ཐ་སྙད་བྱུང་ཟིན་མོད། འོན་ཀྱང་ལག་རྩལ་གྱི་ཆ་རྐྱེན་དབང་གིས་དུས་ཡུན་རིང་པོར་རིགས་པའི་གཞུང་ལུགས་ཞིབ་འཇུག་བྱེད་རིམ་དུ་ལུས་པ་ལས་ལག་ལེན་དུ་སྤྱོད་མྱོང་མེད། བོད་ཡིག་ཁྱབ་ཁོངས་སུ་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་ཞིང་ཆེན་དང་པུའུ་མཉམ་སྐྲུན་གྱི་བོད་ཡིག་རིག་ནུས་ཆ་འཕྲིན་ཐག་གཅོད་བེད་སྤྱོད་ཀྱི་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་གིས་དུས་རབས་20པའི་ལོ་རབས་80པའི་དུས་འགོ་ནས་བཟུང་བོད་ཡིག་ཆ་འཕྲིན་ཐག་གཅོད་སྐོར་ལ་རྨང་གཞིའི་ཞིབ་འཇུག་བྱས་ནས། བོད་ཡིག་གི་འཕྲུལ་ཆས་ཡིག་སྒྱུར་ལ་རྨང་གཞི་གལ་ཆེན་བཏིང་ཡོད། 2024ལོའི་ཟླ་5པར། ཚོད་ལྟ་ཁང་དེས་པཎྚི་ཏ་ཡིག་སྒྱུར་སོགས་ཀྱི་ཉེར་སྤྱོད་མཉེན་ཆས་ཁྱབ་བསྒྲགས་བྱས་ཤིང་། དེ་ཐོག་ནས་རྒྱ་བོད་འཕྲུལ་ཆས་ཡིག་སྒྱུར་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པ་མཚོན་གྱི་ཡོད།
དང་པོ། འཕྲུལ་ཆས་ཡིག་སྒྱུར་གྱི་ཚད་ལྡན་ཅན་སྐོར།
ད་ཡོད་ཀྱི་ཞིབ་འཇུག་ལས་ཤེས་གསལ། མི་ཐབས་ཡིག་སྒྱུར་དང་འཕྲུལ་ཆས་ཡིག་སྒྱུར་གཉིས་ཀར་སྤྱི་ཡོངས་ནས་བལྟས་ན་ཚད་ལྡན་ཅན་གྱི་རྣམ་པ་མངོན་མོད། འོན་ཀྱང་གསར་འགྱུར་དང་བརྩམས་སྒྲུང་སོགས་འཕྲུལ་ཆས་ཡིག་སྒྱུར་གྱི་འགྱུར་ཡིག་ལས་མངོན་གསལ་གྱི་ཚད་ལྡན་ཅན་གྱི་སྒྱུར་སྟངས་མངོན་པ་ལས་རིག་གཞུང་དང་ཆེད་ལས་ཅན་གྱི་སྒྱུར་ཡིག་ཐད་ཚད་ལྡན་དེ་ཙམ་མངོན་གྱི་མེད།
རྒྱ་བོད་ཡིག་སྒྱུར་གྱི་མ་ཡིག་དང་འགྱུར་ཡིག་གི་ཚིག་སྦྱོར་གྲུབ་ཚུལ་དང་། ཞེ་སའི་རིག་གནས། རིག་གནས་ཀྱི་ནང་དོན་སོགས་ལ་ཁྱད་པར་ཆེན་པོ་ཡོད་པས། འགྱུར་ཡིག་ཚད་ལྡན་ཞིག་ཡིན་མིན་དེ་ཆ་འཕྲིན་བརྒྱུད་བསྒྲགས་ཀྱི་ཡང་དག་རང་བཞིན་དང་མ་ཡིག་གི་ནང་དོན་དངོས་སུ་མཚོན་ཐུབ་མིན་དང་ཐད་ཀར་འབྲེལ་བ་ཡོད། དཔེར་ན། བོད་ཡིག་གི་ཕུན་སུམ་ཚོགས་པའི་ཞེ་སའེ་རིག་གནས་དང་ཆོས་ལུགས་རིག་གནས་ཀྱི་མིང་ཚིག་ཐད་འཕྲུལ་ཆས་ཀྱིས་ཡང་དག་པ་དང་ནང་དོན་ཟབ་མོ་ཞིག་སྒྱུར་མ་ཐུབ་པས་ནོར་འཁྲུལ་ཐོན་སླ་པོ་ཡོད། དེར་བརྟེན། མི་ཐབས་དང་འཕྲུལ་ཆས་ཀྱི་མཉམ་ལས་འོག་སྒྱུར་རྗེས་ཞུ་དག་གཏོང་སྐབས་བོད་ཁུལ་གྱི་སྤྱི་ཚོགས་རིག་གནས་ཁོར་ཡུག་དང་མང་ཚོགས་ཀྱི་རེ་སྒུག་དང་ཟུང་འབྲེལ་བྱ་རྒྱུ་གཙོ་གནད་དུ་བཟུང་ནས། འཕྲུལ་ཆས་ཡིག་སྒྱུར་གྱི་ཚད་ལྡན་རང་བཞིན་ཐད་ཀྱི་སྐྱོན་ཆ་སེལ་དགོས།
གཉིས་པ། རྒྱ་བོད་འཕྲུལ་ཆས་ཡིག་སྒྱུར་གྱི་བེད་སྤྱོད་ཁྱབ་ཁོངས།
འཕྲུལ་ཆས་ཡིག་སྒྱུར་ལག་རྩལ་གྱིས་མགྱོགས་མྱུར་ཡིག་སྒྱུར་བྱེད་ཐུབ་མོད། འོན་ཀྱང་རྙོག་འཛིང་ཆེ་བའི་ཚིག་བཅད་དང་། དོན་འདྲ་བའི་མིང་ཚིག ཚིག་སྦྱོར་གྱི་ཁྱད་ཆོས་སོགས་ཀྱི་ཐད་སྔར་བཞིན་སྐྱོན་ཆ་ཡོད།
ནུབ་བྱང་མི་རིགས་སློབ་ཆེན་གྱི་བརྟག་དཔྱད་གྲངས་གཞི་ལས་མངོན་པར། རྒྱ་བོད་འཕྲུལ་ཆས་ཡིག་སྒྱུར་བེད་སྤྱོད་ཐད་ཁྱབ་ཁོངས་ཀྱི་ཁྱད་པར་མངོན་གསལ་དོད་པོ་མངོན་ཡོད་དེ། གསར་འགྱུར(29.76%)དང་། རིག་གནས་སྒྱུ་རྩལ(29.17%) ལོ་རྒྱུས(27.98%)སོགས་ཀྱི་ཁྱབ་ཁོངས་སུ་བེད་སྤྱོད་བྱེད་ཚད་ཅུང་མང་བ་དང་། དེ་ཐོག་ནས་ཁྱབ་ཁོངས་དེ་དག་ལ་ཡིག་སྒྱུར་གྱི་དགོས་མཁོ་ཆེ་བ་མ་ཟད། འཕྲུལ་འཁོར་ཡིག་སྒྱུར་གྱིས་དགེ་མཚན་ལྡན་པའི་རམ་འདེགས་ནུས་པ་ཐོན་པ་མཚོན་གྱི་ཡོད། ཚན་རྩལ(23.21%)དང་། སྨན་བཅོས(16.07%) རང་བྱུང་ཁོར་ཡུག(16.67%) དཔལ་འབྱོར་ཚོང་དོན(10.71%) ཕྱི་འབྲེལ(8.33%)སོགས་ཀྱི་ཆེད་ལས་ཁྱབ་ཁོངས་སུ་འཕྲུལ་ཆས་ཡིག་སྒྱུར་བེད་སྤྱོད་ཀྱི་བསྡུར་ཚད་མངོན་གསལ་དོད་པོས་དམའ་རུ་ཕྱིན་ཞིང་། ལྷག་པར་དུ་དཔལ་འབྱོར་ཚོང་དོན་དང་ཕྱི་འབྲེལ་ཁྱབ་ཁོངས་སུ་བེད་སྤྱོད་བྱེད་ཚད་ཧ་ཅང་དམའ་པོ་ཡོད་པ་ལས་སྤྱོད་མཁན་གྱིས་འཕྲུལ་ཆས་ཡིག་སྒྱུར་ལ་ཡིད་ཆེས་དེ་ཙམ་མེད་པ་མཚོན་གྱི་ཡོད། ཁྱབ་ཁོངས་འདི་དག་ཏུ་ཆེད་ལས་ཐ་སྙད་མང་བ་དང་ཚིག་དོན་ཡང་དག་རང་བཞིན་ལ་བླང་བྱ་ཧ་ཅང་མཐོ་བས། ནོར་འཁྲུལ་ཅུང་ཙམ་ཡོད་ན་ཡང་གོ་བ་ལེན་ནོར་ཤོར་བ་མ་ཟད་ཐ་ན་རྩོད་གཞི་འབྱུང་སྲིད། དེར་བརྟེན་རྒྱ་བོད་ཡིག་སྒྱུར་བྱེད་སྐབས་ཆུ་ཚད་མཐོ་བའི་མི་ཐབས་ཡིག་སྒྱུར་དང་གཟབ་ནན་གྱིས་སྒྱུར་རྗེས་ཞུ་དག་ནི་སྔར་བཞིན་མེད་དུ་མི་རུང་བ་ཞིག་རེད།
གསུམ་པ། རྒྱ་བོད་འཕྲུལ་ཆས་ཡིག་སྒྱུར་གྱི་ནོར་འཁྲུལ་སྐོར།
འཕྲུལ་ཆས་ཡིག་སྒྱུར་མ་ལག་གི་ལྟེ་བའི་ཚད་བཀག་ནི་དེའི་རྩིས་རྒྱག་ལམ་སྲོལ་གྱིས་སྔར་བཞིན་སྔོན་བཀོད་གོ་རིམ་ལ་བརྩི་སྲུང་བྱེད་དགོས་པ་དང་། མིའི་རིགས་ཀྱི་ཀླད་པའི་གོ་བ་ལེན་པ་དང་རིགས་འདེད་བརྒྱུད་རིམ་ལ་དངོས་སུ་ལད་ཟློས་བྱེད་མི་ཐུབ་པ་དེ་རེད། རྒྱ་བོད་འཕྲུལ་ཆས་ཡིག་སྒྱུར་ལ་ཁྱབ་ཁོངས་ལས་བརྒལ་བའི་སྤྱི་ཁྱབ་ཅན་གྱི་ནུས་པ་ཞན་པའི་འགྲན་སློང་འཕྲད་པ་དང་། ཡིག་སྒྱུར་སྐབས་འགྱུར་ཡིག་གི་སྤུས་ཚད་ལ་ཡིག་ཆའི་རིགས་ཀྱི་ཤུགས་རྐྱེན་མངོན་གསལ་དོད་པོ་ཐེབས་ནས་རྩོམ་རིག་ཡིག་སྒྱུར་སོགས་གསར་གཏོད་རང་བཞིན་གྱི་ཡིག་སྒྱུར་གྱི་སྤུས་ཚད་འདང་གི་མེད།
ནོར་འཁྲུལ་གྱི་རིགས་ནས་བལྟས་ན། བརྡ་སྤྲོད་དང་། ཚིག་དོན། རིག་གནས་སོགས་ཀྱི་ཁྱབ་ཁོངས་སུ་རྒྱ་བོད་འཕྲུལ་ཆས་ཡིག་སྒྱུར་གྱི་ནོར་འཁྲུལ་ལ་རྙོག་འཛིང་ཆེ་བའི་རྣམ་པ་མངོན་གྱི་ཡོད། བརྡ་སྤྲོད་ཀྱི་ནོར་འཁྲུལ་ཐད་ཐ་སྙད་སྤྱོད་སྟངས་ནོར་བ་དང་། བྱེད་པ་པོ་དང་བྱེད་ལས་གཉིས་ནོར་བ། ཚིག་གྲོགས་སྤྱོད་སྟངས་ནོར་བ་སོགས་ཀྱི་ནོར་འཁྲུལ་ཡོད་པ་དང་། ཚིག་དོན་ནོར་འཁྲུལ་ཐད་ཐ་སྙད་ལ་གོ་བ་ལེན་སྟངས་ནོར་བ་དང་ཚིག་དོན་གྱི་གོང་འོག་མི་མཐུན་པ་སོགས་ཀྱི་ནོར་འཁྲུལ་མངོན་པ་དང་། དེ་ནི་མ་ཡིག་གི་ནང་དོན་ལ་གོ་ནོར་ཐེབས་པ་དང་འགྱུར་ཡིག་གི་མཚོན་སྟངས་ཡང་དག་མེད་པའི་རྐྱེན་གྱིས་ཡིན། རིག་གནས་ཀྱི་ནོར་འཁྲུལ་ནི་རྒྱུན་དུ་ཞེ་ས་སྤྱོད་ནོར་ཤོར་བ་དང་རིག་གནས་ཀྱི་དམིགས་བསལ་མཚོན་ཚུལ་ཐད་སྒྱུར་བྱེད་པ་སོགས་ལས་བྱུང་བ་དང་། ལྷག་པར་དུ་བོད་སྐད་ཁྲོད་ཀྱི་ཐ་སྙད་གཅིག་ལ་སྐད་ཆའི་ཁོར་ཡུག་ལ་འགྱུར་ལྡོག་བྱུང་བ་དང་བསྟུན་ནས་གོ་དོན་མི་འདྲ་བ་ཡོད་པས་འཕྲུལ་ཆས་མ་ལག་གིས་དེའི་ཐད་སྟངས་འཛིན་ཐུབ་ཀྱི་མེད། ནོར་འཁྲུལ་དེ་དག་ལས་མ་ལག་རང་བཞིན་གྱི་ནོར་འཁྲུལ་དབྱེ་འབྱེད་དང་སྤུས་ཚད་བརྟག་དཔྱད་ལ་འགྲན་སློང་ཆེན་པོ་འཕྲད་ཀྱི་ཡོད་ལ། རྒྱ་བོད་འཕྲུལ་ཆས་ཡིག་སྒྱུར་གྱི་རྗེས་མཐུད་འཕེལ་རྒྱས་ལ་ཁ་ཕྱོགས་ཀྱང་གསལ་སྟོན་བྱས་ཡོད།
བཞི་པ། མི་ཐབས་དང་འཕྲུལ་ཆས་ཡིག་སྒྱུར་མཉམ་དུ་འཕེལ་རྒྱས་གཏོང་ཐབས་སྐོར་གྱི་བསམ་གཞིག
རྒྱ་བོད་ཡིག་སྒྱུར་བྱ་གཞག་གིས་གོ་ལ་ཧྲིལ་པོ་དང་ཆ་འཕྲིན་ཅན་གྱི་རླབས་རྒྱུན་ཁྲོད་འབྲེལ་ཟམ་གྱི་ནུས་པ་འདོན་བཞིན་ཡོད་པ་དང་། མི་ཐབས་ཡིག་སྒྱུར་ཁོ་ནར་བརྟེན་ན་སྤུས་ཚད་མཐོ་བ་དང་གསར་གཏོད་རང་བཞིན་འགན་ལེན་བྱེད་ཐུབ་ཀྱང་ལས་ཕྱོད་དང་མ་གནས་ཀྱི་ཚད་བཀག་ཐེབས་ནས་ཆ་འཕྲིན་དུས་རབས་ཀྱི་གཞི་ཁྱོན་ཆེ་བའི་ཁྱབ་སྤེལ་གྱི་དགོས་མཁོ་སྐོང་ཐུབ་ཀྱི་མེད་ལ། འཕྲུལ་ཆས་ཡིག་སྒྱུར་ཁོ་ནར་བརྟེན་ན་རྙོག་འཛིང་ཆེ་བའི་སྐད་ཆའི་ཁོར་ཡུག་དང་རིག་གནས་ཀྱི་ནང་དོན་ཐད་ནོར་འཁྲུལ་འབྱུང་སྲིད་པ་མ་ཟད་རིག་གནས་ཀྱི་ནང་དོན་རྦད་དེ་ནོར་བའི་གནས་ཚུལ་ཐོན་སྲིད། དེར་བརྟེན་དེ་གཉིས་ནི་འགལ་ཟླའི་འབྲེལ་བ་མིན་པར་ལེགས་ཆ་གསབ་རེས་དང་མཉམ་དུ་འཕེལ་རྒྱས་གཏོང་དགོས།
འབྱུང་འགྱུར། རྒྱ་བོད་ཡིག་སྒྱུར་ཁྱབ་ཁོངས་སུ་འཕྲུལ་ཆས་ཡིག་སྒྱུར་དང་ཞུ་དག་གི་ཐབས་ལམ་ཁྱབ་གདལ་ཤུགས་ཆེན་གཏོང་དགོས་ཤིང་། ཕྱོགས་གཅིག་ནས་འཕྲུལ་ཆས་ཡིག་སྒྱུར་ལ་བརྟེན་ནས་རྨང་གཞིའི་ཡིག་ཆ་ཐག་གཅོད་བྱེད་པའི་མྱུར་ཚད་མགྱོགས་སུ་བཏང་སྟེ་གསར་འགྱུར་དང་སྤྱིར་བཏང་གི་ཆ་འཕྲིན་རིགས་ཀྱི་ནང་དོན་ལ་དམིགས་ནས་དེའི་ལས་ཕྱོད་ཆེ་བའི་དགེ་མཚན་འདོན་སྤེལ་བྱེད་དགོས་པ་དང་། ཕྱོགས་གཞན་ཞིག་ནས་ཆོས་ལུགས་བསྟན་བཅོས་དང་། རིག་རྩལ་བརྩམས་ཆོས། བཅའ་ཁྲིམས་ཡིག་ཆ། ཕྱི་འབྲེལ་ཡིག་ཆ་སོགས་དང་འབྲེལ་བའི་འགག་རྩའི་ཁྱབ་ཁོངས་སུ་མི་ཐབས་ཀྱི་ཞིབ་བཤེར་དང་ཞུ་དག་ཡག་པོ་བཏང་སྟེ་ཚད་ལྡན་རང་བཞིན་དང་། འཚམ་མཐུན་རང་བཞིན། ཡང་དག་རང་བཞིན་བཅས་འགན་ལེན་ཏན་ཏིག་བྱེད་དགོས། གཞན་ཡང་། མཐོ་སློབ་དང་ཚན་ཞིབ་སྒྲིག་གཞིས་མི་ཐབས་ཡིག་སྒྱུར་དང་འཕྲུལ་ཆས་ཡིག་སྒྱུར་གྱི་ཧེ་བག་དང་ལེགས་ཆ་སྔར་བས་ཁ་གསལ་བཟོས་ནས་མི་ཐབས་རིག་ནུས་ཀྱི་རམ་འདེགས་འོག་གི་རྒྱ་བོད་ཡིག་སྒྱུར་གྱི་་དཔེ་དབྱིབས་འཐུས་སྒོ་ཚང་དུ་གཏོང་བ་དང་། མི་ཐབས་དང་འཕྲུལ་ཆས་མཉམ་ལས་ཀྱི་ཡིག་སྒྱུར་སློབ་ཁྲིད་མ་ལག་བཙུགས་ཏེ། སྐད་གཉིས་རིག་གནས་ཤེས་ལ་རིག་ནུས་ཡོ་བྱད་བྱང་ཆུབ་པར་སྤྱོད་ཐུབ་པའི་ཕྱོགས་བསྡུས་རང་བཞིན་གྱི་ཡིག་སྒྱུར་ཤེས་ལྡན་པ་གསོ་སྐྱོང་བྱེད་དགོས།
(བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་རྩོམ་སྒྱུར་ལྟེ་གནས། ཚེ་རིང་བུ་ཁྲིད)
འབྲེལ་ཡོད་གསར་འགྱུར།