དབུ་ཤོག>བོད་ཀྱི་རིག་གནས།>མི་སྣ།
  • ས་མཐོའི་ཕྲུ་གུའི་འཚར་ལོངས་ལམ་བུར་འོད་སྣང་སྦྱིན་པ།

    —— རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ལྷོ་ཁ་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭའི་སློབ་སྟོན་ཀྲུའུ་རེན་ཕུར་བུ་ཚེ་རིང་གི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-15

    ལྷོ་ཁ་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭར་རྒྱུན་དུ་ཧང་སངས་དགོས་པའི་ལས་རྗེས་མེད་ཀྱང་། ཉིན་ལྟར་སློབ་མར་ལྟ་སྐྱོང་དང་ལས་གནས་བརྟན་སྲུང་བྱེད་མཁན་ཆད་མྱོང་མེད། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ལྷོ་ཁ་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭའི་སློབ་སྟོན་ཀྲུའུ་རེན་ཕུར་བུ་ཚེ་རིང་གིས་དེ་གར་སྐད་གྲགས་མེད་པར་ལོ་བཅུ་ལྷག་ཙམ་འབད་འབུངས་གནང་ཡོད། འཆད་སྟེགས་ཐོག་ཁོང་གིས་དབང་པོ་སྐྱོན་ཅན་གྱི་སློབ་མ་ཚང་མར་ལྟ་རྟོག་ཞིབ་ཚགས་བྱས་པ་དང་། འགན་འཁྲི་གཙང་སྒྲུབ་བྱེད་སྐབས་ཁོང་གིས་དམིགས་བསལ་སློབ་གསོའི་ཆེད་དུ་སྐད་ཆ་ཤོད་པ་དང་དམིགས་བསལ་ཕྲུ་གུར་དེ་བས་ལེགས་པའི་འབྱུང་འགྱུར་བརྩོན་ལེན་ཧུར་ཐག་བྱས་ཡོད། ལོ་འདི་དག་རིང་། ཁོང་གིས་གཅེས་སེམས་ཀྱི་ཆུ་རྒྱུན་རིང་མོར་བརྟེན་ནས་དམིགས་བསལ་གྱི་ཕྲུ་གུ་ཚོ་འཚར་ལོངས་ཡག་པོ་ཡོང་བར་རོགས་རམ་བྱས་ཡོད།

    “ཁོང་ཚོ་ཚང་མ་ངའི་ཕྲུ་གུ་རེད། ངས་ཁོང་ཚོར་སེམས་གཏིང་ནས་སྙིང་རྗེ་སྐྱེ་ཡི་འདུག དེ་བས་ནུས་ཤུགས་ཡོད་རྒུས་ཁོང་ཚོར་སློབ་སྦྱོང་ལ་གྲུབ་འབྲས་ཐོབ་པ་དང་འབྱུང་འགྱུར་ཡག་པོ་ཡོང་བ་བྱེད་འདོད་འདུག”ཅེས་སློབ་མའི་སྐོར་གླེང་སྐབས་ཕུར་བུ་ཚེ་རིང་གིས་ལྷག་བསམ་ཟོལ་མེད་ངང་བརྗོད།

    སློབ་གྲྭར་སྐྱོད་སྐབས་གཙང་ཞིང་གྲལ་འགྲིག་པའི་སློབ་ཁྲིད་ཐོག་ཁང་གི་གྱང་ངོས་སུ“ངོས་འཛིན་ཕྲན་བུ་དང་། སློབ་སྦྱོང་ཕྲན་བུ། ཡར་རྒྱས་ཕྲན་བུ་བཅས”ཀྱི་སློབ་སྲོལ་སྦྱར་ཡོད་པ་དེ་ནི་མི་རྣམས་སེམས་འགུལ་ཐེབས་པ་ཞིག་ཡོད། ཕུར་བུ་ཚེ་རིང་གི་མིག་ནང་སྐད་ཆ་དེ་དག་ནི་ཕྲུ་གུ་དེ་དག་འཚར་ལོངས་ཀྱི་མཚོན་ཚུལ་ངོ་མ་ཡིན། ཁོང་ཚོས་དེ་ཙམ་མགྱོགས་པོ་ཤེས་ཀྱི་མེད་ལ། ཡར་རྒྱས་ཀྱང་དེ་ཙམ་མགྱོགས་པོ་ཡོང་གི་མེད། འོན་ཀྱང་ཉིན་ལྟར་ཡར་རྒྱས་ཡོང་རེ་ཧུར་ཐག་བྱེད་ཀྱི་ཡོད།

    ཕུར་བུ་ཚེ་རིང་གི་སེམས་ནང་དམིགས་བསལ་སློབ་གསོ་ནི་དཀའ་ཚེགས་ཆེ་ཤོས་ཀྱི་བྱ་གཞག་ཅིག་ཡིན་ལ། དྲོ་སྐྱིད་ལྡན་ཤོས་ཀྱི་བྱ་གཞག་ཅིག་ཀྱང་ཡིན། སྤྱིར་བཏང་གི་སློབ་གསོ་དང་མི་འདྲ་བར་དམིགས་བསལ་སློབ་གསོར་ཆེད་ལས་ཀྱི་སློབ་ཁྲིད་ནུས་པ་དགོས་པ་མ་ཟད། གཅེས་སེམས་དང་ངང་རྒྱུད་རིང་པོ་དེ་བས་ཀྱང་དགོས། ཕྲུ་གུ་ཚོའི་སེམས་ཁམས་འགྱུར་ལྡོག་ཆེ་བ་དང་རང་ཁ་རང་གསོའི་ནུས་པ་ཞན་པས། ཆེ་ས་ནས་སློབ་རིམ་འཕར་ཏེ་སློབ་གཉེར་བྱེད་པ་དང་། ཆུང་ས་ནས་གྱོན་གོས་དང་ཟ་མ་ཟ་བའི་བར་དགེ་རྒན་གྱིས་བྱ་བ་ཚང་མར་སེམས་ཁུར་དང་དུས་དང་རྣམ་པ་ཀུན་ཏུ་ལྟ་རྟོག་བྱེད་དགོས་པས། སློབ་ཚན་གྲོལ་རྗེས་རྟག་ཏུ་ལུས་སེམས་གཉིས་ཀ་ཐང་ཆད་ཀྱི་ཡོད་མོད། འོན་ཀྱང་མི་ཚང་མས་ཐོག་མཐའ་བར་གསུམ་དུ་ལས་གནས་བརྟན་སྲུང་དང་ལས་སླ་པོར་བློས་གཏོང་གཏན་ནས་བྱེད་མྱོང་མེད།

    ཕུར་བུ་ཚེ་རིང་གིས། སློབ་གྲྭའི་དགེ་རྒན་ཚང་མའི་ཁུག་མའི་ནང་རྟག་ཏུ་ཅ་ལག་གཉིས་ཡོད་པ་སྟེ། བྱི་རིལ་དང་ཤོག་བུ་རེད། བྱིས་པར་སེམས་གསོ་དང་སྐུལ་ལྕག་གཏོང་སྐབས་བྱི་རིལ་སྟེར་བ་དང་། མིག་ཆུ་དང་ངོ་གདོང་ཕྱི་སྐབས་ཤོག་བུ་སྤྱོད་ཀྱི་ཡོད་ཅེས་གསར་འགོད་པར་བརྗོད། བབ་ཆགས་པའི་བྱ་སྤྱོད་དེ་དག་ལས་ལྷད་མེད་པའི་གཅེས་སེམས་མཚོན་པ་མ་ཟད། དམིགས་བསལ་གྱི་ཕྲུ་གུ་ཚང་མའི་བྱིས་དུས་ལ་ངང་རྒྱུད་རིང་པོས་སྲུང་སྐྱོང་བྱེད་པའང་མཚོན།

    བློ་རྩེ་གཅིག་སྒྲིམ་གྱིས་མི་སྣ་གསོ་སྐྱོང་བྱེད་པའི་ཞོར་དུ་ཕུར་བུ་ཚེ་རིང་གིས་ཐོག་མཐའ་བར་གསུམ་དུ་སློབ་མའི་མདུན་ལམ་དང་ལས་དབང་སེམས་ལ་བཅངས་ཡོད། 2022ལོར་སློབ་གྲྭའི་སློབ་མ་10ལོགས་སུ་བསྡུ་བ་དང་ལོགས་སུ་རྒྱུགས་གཏོང་བརྒྱུད་ལན་ཀྲོའུ་དམིགས་བསལ་སློབ་གསོའི་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭར་རྒྱུགས་འཕྲོད་མོད། འོན་ཀྱང་སློབ་མ་བསྡུ་བའི་ཐབས་ལམ་དམིགས་བསལ་ཡིན་པའི་དབང་གིས་སློབ་མ་དེ་དག་གིས་བོད་ཀྱི“འགན་ལེན་གསུམ”གྱི་སྲིད་ཇུས་ལོངས་སུ་སྤྱོད་ཐབས་བྲལ་བས་སློབ་གཉེར་ལམ་བུར་འགོག་རྐྱེན་འཕྲད་ཡོད།

    སློབ་སྦྱོང་ལ་བརྩོན་འགྲུས་ཆེ་བའི་ཕྲུ་གུ་དེ་དག་དཀའ་ངལ་གྱི་གནས་སུ་གྱར་སྐབས་ཕུར་བུ་ཚེ་རིང་སེམས་ཁྲལ་ཆེན་པོ་ལངས། དེར་བརྟེན་ཁོང་གིས་འབྲེལ་ཡོད་སྡེ་ཚན་ཁག་ཏུ་བསྐྱོད་དེ་འབྲེལ་གཏུག་དང་འབྲེལ་མཐུད་ཡང་ཡང་བྱས་ནས་རྒྱབ་སྐྱོར་ཐོབ་ཐབས་ཧུར་ཐག་བྱས་མཐར་སློབ་མ་ཚོར“འགན་ལེན་གསུམ”གྱི་ཐོབ་ཆ་རག་ནས་ཁོང་ཚོ་བློ་བདེ་པོས་ས་ཆ་གཞན་ལ་སློབ་གྲྭར་འགྲོ་ཐུབ་ཡོད།

    དོན་དག་དེ་ལས་ཁོང་ལ་ས་མཐོའི་དམིགས་བསལ་བྱིས་པའི་སློབ་སྦྱོང་ལམ་བུར་ད་དུང་དོན་དངོས་ཀྱི་དཀའ་ངལ་མང་པོ་ཡོད་པ་མྱོང་ཚོར་ཟབ་མོ་བྱུང་ཡོད། 2023ལོར་ཕུར་བུ་ཚེ་རིང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ལ་བདམས་རྗེས། ཁོང་གིས་ལོ་མང་རིང་འཐབ་ཕྱོགས་དང་པོར་སློབ་ཁྲིད་བྱས་པའི་ཉམས་མྱོང་ལ་བརྟེན་ནས“དབང་པོ་སྐྱོན་ཅན་བྱིས་པར་འདྲ་མཉམ་ངང་སྤུས་ལེགས་སློབ་གསོ་ལོངས་སུ་སྤྱོད་རྒྱུ་ཡོང་བའི”འབྲེལ་ཡོད་གྲོས་གཞི་ཕུལ་ནས་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་སྒྲིལ་དང་དམིགས་བསལ་སློབ་གསོའི་ཐོན་ཁུངས་འཐུས་སྒོ་ཚང་དུ་བཏང་སྟེ་དབང་པོ་སྐྱོན་ཅན་བྱིས་པར་དེ་བས་དྲང་གཞག་དང་སྤུས་ལེགས་ཀྱི་འཚར་ལོངས་ལས་སྟེགས་གཏོད་རྒྱུའི་རེ་འབོད་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།