གུས་པར་འོས་པའི་ཡབ་ཡུམ།
བརྩེ་བའི་ཡབ་ཡུམ་ལགས། ཁྱེད་གཉིས་ཀྱི་མི་ཚེའི་འཁྲབ་སྟོན་རིང་པོ་དེ་སྦྲ་ནག་གྲུ་བཞིའི་ཕང་བ་ནས་འཁྲབ་འགོ་བརྩམས།
ཁྱེད་གཉིས་ཀྱིས་ཕ་མཐའ་ཡས་པའི་རྩྭ་ཐང་མལ་གདན་དུ་བཏིང་། མུ་མེད་ཀྱི་ཨ་སྔོན་ནམ་མཁའ་གཟིམ་ཆས་སུ་བཞེས། དཀར་ནག་ཕྱུགས་རིགས་ཁྱུ་ཚོགས་གྲོགས་སུ་བསྟེན། ངའི་ཚེ་སྲོག་གི་མྱུ་གུ་ཕྲ་མོར་རང་མགོ་ཐོན་པའི་ཡལ་འདབ་རྒྱས་ཕྱིར་དང་། སློབ་རའི་དགའ་ཚལ་སྒྲིམ་ནས་ཤེས་རིག་གི་གཤོག་རྩལ་རྒྱས་ཕྱིར། ཁྱེད་གཉིས་ཀྱི་མི་ཚེའི་ཕྱེད་ཙམ་སྐུ་ལས་དབང་དུ་སོང་། ད་ཆ་ཁྱེད་གཉིས་ཀྱི་བཞིན་ལ་མ་བཅོས་ལོ་ཟླའི་གཉེར་རིས་སླེབས་ལ། འཚོ་བའི་ཁུར་གྱིས་ལུས་ཕུང་དག་རྔ་དབྱུག་ལྟར་གུག
སྐུ་ལས་ཁག་སོང་། ཡབ་ཡུམ་མཆོག ངས་གཞན་ཡུལ་གྱི་མཁའ་དབྱིངས་ནས་དཀར་གསལ་ཟླ་བ་མཐོང་སྐབས། ཁྱེད་གཉིས་ཀྱི་ཞལ་རས་ལྷང་ངེར་དྲན་ལ། བྱིའུ་ཆུང་འཇོལ་མོའི་གསུང་དབྱངས་ཐོས་སྐབས། ཁྱེད་གཉིས་ཀྱི་བསླབ་བྱ་ནོར་བུའི་ཕྲེང་བ་དག་ཡིད་ལ་འཁོར། ཁྱེད་གཉིས་ནི་ང་ལ་ཤ་ཁྲག་གི་ཕུང་པོ་སྩོལ་མཁན་གྱི་མ་མ་ཡིན་ལ། ངའི་ཚེ་སྲོག་གི་མྱུ་གུ་སྐྱོང་བའི་དྲིན་ཅན་རྣམ་གཉིས་ཀྱང་ཡིན་པས། ཁྱེད་གཉིས་ཀྱི་སྐུ་དྲིན་ནམ་མཁའི་ནོར་བུའི་དོ་ཟླར་འོས།
སྒོ་གསུམ་གུས་པར་འོས་པའི་ཡབ་ཡུམ་ལགས། ཁྱེད་གཉིས་ཀྱི་རྒྱུད་ལ་དུག་གསུམ་གྱི་དྲི་མ་མེད་པར། སྙིང་ཁ་ནས་བཞུར་བ་ནི་ལྷག་བསམ་གངས་རི་དཀར་པོ་ལས་བལྟམས་པའི་གཞན་ཕན་གྱི་ཆུ་རྒྱུན་དྭངས་མ་རེད། ཁྱེད་གཉིས་ནི་ང་ལ་ལེགས་ཉེས་བླངས་དོར་སློབ་སྟོན་མཛད་མཁན་གྱི་བཤེས་གཉེན་དང་པོ་དེ་ཡིན་ལ། མུན་ཁུང་ལས་གྲོལ་ཏེ་འོད་ཟེར་ཕྱོགས་སུ་ལམ་སྟོན་མཛད་མཁན་གྱི་སྒྲོན་མེ་དང་། རྟ་ཁ་གཡང་ས་ལས་གཅུ་མཁན་གྱི་སྲབ་མདའ་ཡང་ཡིན། ངས་སློབ་སྦྱོང་ཧུར་ཐག་བྱས་ནས་ཁྱེད་གཉིས་ཀྱི་དྲིན་ལན་གསབ་གང་ཐུབ་བྱེད་ཀྱི་ཡིན།
འབྲེལ་ཡོད་གསར་འགྱུར།