དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • བྱིས་པའི་ལྷུག་རྩོམ་ཁག་གཉིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  རེ་བ་ཆུང་ཆུང་།   |     སྤེལ་དུས།  2026-07-12

    ང་ལ་རེ་བ་ཆུང་ཆུང་ཞིག་ཡོད། ནམ་ཉི་མ་ཞིག་ལ། བྱིའུ་ཆུང་འཇོལ་མོས་བདག་གི་སྐད་ཆ་གོ་བ་དང་། བདག་གིས་ཀྱང་ཁོ་ཚོའི་སྐད་ཆ་ཤོད་ཐུབ་ན་ཅི་མ་རུང་སྙམ།

    ཉི་མ་དེ་ཤར་ཚེ། བདག་གིས་བྱིའུ་ཆུང་ལ་སྙིང་གཏམ་ཞིག་གླེང་ན་འདོད། ངས་ཁོ་ཚོར། ཕ་གིའི་ནགས་ཚལ་ཕྱོགས་སུ་འཕུར་མ་འགྲོ ཕ་གིར་མེ་མདའ་ཉར་བའི་རྔོན་པ་ཞིག་གིས་བསྒུགས་འདུག འདི་རུ་ཡང་མ་ཡོང་ཞིག འདི་གར་བྱ་རྙི་མང་པོ་བཀྲམ་འདུག་ཅེས་ཤོད་འདོད།

    ང་ནི་བྱིའུ་ཆུང་དང་མཉམ་དུ་ནགས་ཚལ་གཞན་དུ་འཕུར་ན་འདོད། ང་རང་ནགས་ཀྱི་སྤང་ལྗོངས་སུ་གན་རྐྱལ་དུ་ཉལ་ཏེ། ལྗོན་པའི་གསེབ་ན་ཡོད་པའི་བྱིའུ་ཆུང་ལ་ལྟ་གིན། ཕན་ཚུན་གྱིས་གོ་ཐུབ་པའི་སྐད་ཆའི་ཐོག་ནས་ཁ་བརྡ་སྐྱིད་པོ་ཞིག་བྱེད་འདོད། ང་ཚོས་དཔྱིད་ཀ་དང་། ནགས་ཚལ་དང་། མེ་ཏོག་དང་། ད་དུང་ཇེ་མང་དུ་འགྲོ་བཞིན་པའི་སྐྱེད་མོས་ཚལ་སོགས་གླེང་རྒྱུ་ཡིན།

    ང་རང་སྒོ་འགྲམ་གྱི་ཆུ་རྫིང་དེ་ལ་དགའ།

    ང་རང་སྒོ་འགྲམ་གྱི་ཆུ་རྫིང་དེ་ལ་དགའ་པོ་ཡོད་དེ། ཁོ་རང་དུས་ནམ་ཡང་གཡུ་ཡི་མཚོ་མོ་ཞིག་དང་འདྲ་བར་དྭངས་ཤིང་གཙང་།

    མེ་ཏོག་དང་། རྩྭ་ཕྲན་དང་། ལྗོན་ཤིང་སོགས་ཚང་མས་ཆུ་རྫིང་དེ་ལ་དགའ་པོ་བྱེད་ཅིང་། ཁོའི་ཉེ་འཁོར་དུ་དགའ་དགའ་སྤྲོ་སྤྲོའི་ངང་ནས་སྐྱེ་སྟོབས་རྒྱས་བཞིན་འདུག མེ་ཏོག་ལ་འཁོར་བའི་སྦྲང་ནོར་བུ་དང་། རྩྭ་གསེབ་ཏུ་ཡོད་པའི་འབུ་ཆ་ག་པ་དང་། ལྗོན་པའི་སྟེང་གི་བྱིའུ་ཆུང་འཇོལ་མོ་ཡང་ཆུ་རྫིང་ལ་དགའ་པོ་འདུག ད་དུང་ནམ་མཁའི་སྤྲིན་དཀར་དང་། རྒྱང་རིང་གི་སྔོ་ལྗང་རི་བོ་དག་གིས་ཀྱང་རང་ཉིད་ཀྱི་གྲིབ་གཟུགས་རྫིང་བུའི་ནང་འཆར་དུ་འཇུག་གིན་འདུག

    ད་ལོའི་དབྱར་ཁར། ཆུ་རྫིང་ནང་དུ་ཆུ་སྐྱེས་པདྨ་མང་པོ་སྐྱེས་ཤིང་། རྫིང་ཁར་ལྗང་མདོག་གི་ལོ་མ་སྒོར་དབྱིབས་ཅན་མང་པོ་འདུག དེས་མ་ཟད་ཉིན་ལྟར་མེ་ཏོག་སྣ་ཚོགས་བཞད་པའང་མཐོང་རྒྱུ་འདུག

    ང་རང་སྒོ་འགྲམ་གྱི་ཆུ་རྫིང་དེ་ལ་དགའ། ཆུ་རྫིང་དེ་ཉིན་རེ་བཞིན་ཇེ་མཛེས་སུ་འགྲོ་བཞིན་འདུག

    (ཅིན་པོའུ་ཡིས་བརྩམས། བཞད་གངས་སྐྱེས་ཀྱིས་བསྒྱུར)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།