དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • བསིལ་ལྗོངས་ཀྱི་དུས་བཞིར་བསྔགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  པདྨ་དོན་འགྲུབ།   |     སྤེལ་དུས།  2026-07-12

    མཐོ་མཐོ་གངས་རིས་བསྐོར་བའི་སྣོད་བཅུད་ཀྱི་གཞོང་པ། །

    དྭངས་དྭངས་ཆུ་མིག་བཞུར་བའི་མུ་ཏིག་གི་ཕྲེང་མཛེས། །

    སྙན་སྙན་སྐད་ངག་འཇེབས་པའི་མི་ཡུལ་གྱི་དག་ཞིང་། །

    མཛེས་མཛེས་བསོད་ནམས་ཞིང་ས་བསིལ་ལྗོངས་རང་ཡིན་སོང་། །


    ཆུ་འཛིན་ལང་ལོང་འཁྲིགས་པའི་དཔྱིད་དཔལ་གྱི་ཕོ་ཉ། །

    མ་བོས་མགྲོན་པོའི་ཟོལ་གྱིས་ཕེབས་པ་རང་བྱུང་ན། །

    མཚར་སྡུག་ལང་ཚོས་སྙེམས་པའི་དཔྱིད་དཔལ་གྱི་སྒེག་མོ། །

    གཡུ་ལོའི་གོས་བཟང་མནབས་པའི་རང་མདངས་དེ་མཚར་ཨང་། །


    ངང་ངུར་རང་དགར་རྒྱུ་བའི་དབྱར་ལྗོངས་ཀྱི་དགའ་མ། །

    བསིལ་འཇམ་སྐྱིད་ཆུར་ཞུགས་པའི་སྟངས་སྟབས་ཀྱི་མཛེས་པས། །

    འདོད་ལྡན་སེམས་གྱི་བརྟན་པ་ཅིག་ཅར་དུ་ཕྲོགས་ཏེ། །

    སྐྱེ་བོ་དགའ་བའི་སྣང་བ་བསིལ་རླུང་དང་འདྲེས་སོང་། །


    མགོ་ལྕོག་ལྡེམ་ལྡེམ་གཡོ་བའི་འབྲས་ལྡན་གྱི་སྟོན་ཞིང་། །

    གསེར་མདོག་མར་ཁུ་བྱུགས་འདྲའི་རླབས་ཕྲེང་ལ་རྩེན་ནས། །

    འབྲུ་མཛོད་བྱུར་བུར་གཏམས་པའི་བགོ་སྐལ་དུ་བྱུང་དུས། །

    ཞིང་པ་རྒན་པོའི་ཞལ་འཛུམ་འདབ་སྟོང་བཞིན་གྲོལ་བྱུང་། །


    དར་དཀར་ཡོལ་བས་བཀླུབས་པའི་དགུན་ལྗོངས་ཀྱི་ཕོ་བྲང་། །

    འཛམ་གླིང་ཡང་རྩེར་འཕགས་པའི་པོ་ཏ་ལ་བརྗིད་ཆགས། །

    ཁ་བ་ལྷབ་ལྷུབ་བསྐྱོད་པའི་བར་སྐོར་ཉིད་སྣུམ་པ། །

    ལྷག་བསམ་ཁ་བར་བཏབ་པའི་ཞབས་རྗེས་དེ་མཚར་བ། །


    ལྷོད་ལྷོད་སེམས་ཀྱི་སྟ་གོན་བདེ་མལ་དུ་གསོས་ཤིང་། །

    ཤང་ཤང་ཆུ་མོ་བཞུར་སྒྲའི་གླུ་སྐད་ལ་ཉན་ཏེ། །

    བསིལ་བསིལ་རྫོང་རྒྱབ་ཀླུ་ཡི་ཕོ་བྲང་གི་འདབས་ནས། །

    བདེན་བདེན་ངག་གི་ཚིག་གསུམ་བསིལ་ལྗོངས་ལ་ཕུལ་ཡོད། །

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།