གངས་ཅན་ཡིག་གཟུགས་ལ་བསྟོད་པ།
དཀར་འཇམ་ཤོག་བུའི་གཟུགས་རིས་སྣ་ཚོགས་དགའ་བའི་སེམས་ཀྱིས་ལོངས་སྤྱད་ཚེ། །
རང་གཞན་སེམས་པ་དབང་མེད་བསླུ་བ་སྒྱུ་རྩལ་སྣུམ་པོའི་ཆོ་འཕྲུལ་ཏེ། །
དེ་ནི་སྐད་ཆ་ཡི་གེར་མཚོན་པའི་གཟུགས་ཀྱི་འཁྲབ་སྟོན་ཡིན་མོད་ཀྱང་། །
ཡིག་རིགས་མི་འདྲའི་སྒྲ་དོན་མི་གཅིག་ཧེ་བག་གནམ་སའི་ཟླ་རུ་སྣང་། །
འབྲི་བའི་དུས་ན་ཐོག་མར་དལ་ཞིང་རིམ་པར་ལྷོད་ལ་ལྡེམ་འཁྱུག་པ། །
བར་དུ་སླ་ནས་དཀའ་བར་སྙེགས་པ་རིམ་བགྲོད་གོང་འཕེལ་འགྲོར་ཕྱོགས་ཤིང་། །
མཐའ་མར་ཆེ་ནས་ཆུང་བར་བསྐྱོད་པའི་རྨད་བྱུང་རིག་ལམ་བཟང་པོ་ཡི། །
གངས་ཅན་ཡིག་གཟུགས་ནོར་བུའི་རིས་འདི་འཛམ་བུའི་གླིང་འདིའི་མཆོག་གཅིག་གོ །
སུག་བྲིས་མཁན་གྱིས་ཡི་གེའི་གཟུགས་ལ་རབ་མཛེས་གཙུག་རྒྱན་བསྒྲོན་པ་ན། །
ཤོག་བུའི་རིན་ཐང་དེ་མུར་རྒྱས་པ་སྣང་གསལ་མུན་པར་མཆེད་པ་ལྟར། །
ཡི་གེའི་གཟུགས་རིས་འདྲེན་བྱེད་དབང་པོར་འཆར་བའི་སྐད་ཅིག་དེ་ཉིད་ལ། །
ཨེ་མ་སྒྱུ་རྩལ་འབུམ་གྱིས་ཕྱུག་པའི་ལོངས་སྤྱོད་དེ་ལ་སུ་མི་མགུ །
དེ་འདྲའི་དག་སྙོམས་མཛེས་གསུམ་ཚང་བའི་གངས་ཅན་ཡིག་གཟུགས་ཁྱད་འཕཊ་དེར། །
བདག་ཡིད་མཛའ་མོའི་བརྟན་པ་ཕྲ་མོ་དབང་མེད་འཕྲོག་པ་ཉིད་ནས་བཟུང་། །
ཁྱེད་ནི་འཛིན་མའི་རིག་གནས་འབུམ་གྱི་ཡིག་རིགས་ཁྲི་སྟོང་མང་པོའི་དབུས། །
ཨ་སྔོན་མཐོན་པོའི་ཉིན་བྱེད་ཚུལ་དུ་བཞུགས་པ་བདག་བློར་སྤོབས་པས་གཏད། །
ཁྱེད་ཀྱི་གཟུགས་རིས་རྣམ་གྲངས་མང་པོ་ཡང་མོའི་སོར་གྱིས་ངོམས་པའི་དུས། །
བདག་ནི་འཇིག་རྟེན་འདི་ཡི་ཐོག་ཏུ་ལོངས་སྤྱོད་འདི་ལས་མཆོག་གཅིག་གི །
དོ་ཟླར་འོས་པའི་དཔེ་ཟླ་གང་ཞིག་ཇི་ལྟར་བཙལ་ཡང་རྙེད་མིན་པས། །
ད་ནི་ཁྱེད་ལ་དུང་བ་ལྟ་བུའི་དགའ་བ་གཞན་ཞིག་སུ་ལ་བཅངས། །
ལོ་རེའི་བཞི་པའི་ཚེས་པ་སུམ་ཅུ་དམིགས་བསལ་ཡིག་གཟུགས་དུས་སྟོན་ལ། །
བདག་གིས་ཁྱེད་རང་གཙུག་ཏུ་མཆོད་ནས་མེས་པོའི་བྱིན་རླབས་སེམས་སུ་དྲན། །
ཇི་སྲིད་སྲོག་གི་དབང་པོ་གནས་པ་དེ་སྲིད་ཁྱེད་ལ་བརྩེ་བ་ཡི། །
བཅོས་མིན་སེམས་ཀྱི་ཞེ་དམ་བཙན་པོ་བཞག་པའང་ལན་གཅིག་ང་རྒྱལ་མིན། །
གངས་ལྗོངས་ཡིག་གཟུགས་པད་མའི་སྡོང་བུ་བསྐལ་བརྒྱར་གནས་པའི་རྟེན་འབྲེལ་དུ། །
ལོ་ཆུང་བུ་དང་བུ་མོ་དང་ནི་ན་གཞོན་མང་པོའི་ཁྱུ་ཚོགས་ཀྱིས། །
ཡུན་རིང་འབད་པའི་བཞུར་རྒྱུན་ཁྲོད་ནས་ལེགས་སྐྱེས་གང་མང་འབུལ་སྤྲོ་བའི། །
བསྐལ་བཟང་རྫོཊ་ལྡན་དུས་བཟང་འདི་རུ་བདག་གིས་བསྟོད་དབྱངས་འདི་འབུལ་ལོ། །
འབྲེལ་ཡོད་གསར་འགྱུར།