དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • མཛའ་མོར་སྤྲིངས་པའི་འཕྲིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  ཨོ་ཏོག་བསྟན་ཉི།   |     སྤེལ་དུས།  2026-07-12

    དྭངས་གསལ་ཆུ་མོ་དལ་གྱིས་རྒྱུ་བ་དེ། །

    སྙིང་སྡུག་ཁྱོད་ཀྱི་ངང་རྒྱུད་ཡིན་ན་བསམས། །

    དེ་ལྟར་བསམས་པ་ང་རང་བདེ་ཕྱིར་མིན། །

    ཁྱོད་ཀྱི་ཁྲེལ་གཞུང་ཕྱི་ཐག་རིང་བའི་ཕྱིར། །


    ལོ་རྒྱུས་རྡོ་རིང་ངོས་ཀྱི་ཡི་གེ་དེ། །

    སྙིང་སྡུག་ཁྱོད་ཀྱི་དམ་བཅའ་ཡིན་ན་བསམས། །

    དེ་ལྟར་བསམས་པ་ང་རང་བདེ་ཕྱིར་མིན། །

    ཁྱོད་ཀྱི་དམ་བཅའི་མནའ་ཚིག་བརྟན་པའི་ཕྱིར། །


    མཁའ་ཡི་ཁྲི་གདུགས་ཉི་མ་སེར་པོ་དེ། །

    སྙིང་ཐུབ་ཁྱོད་ཀྱི་སེམས་པ་ཡིན་ན་བསམས། །

    དེ་ལྟར་བསམས་པ་ང་རང་བདེ་ཕྱིར་མིན། །

    ཁྱོད་ཀྱི་བྱམས་བརྩེ་གང་སར་འཕྲོ་བའི་ཕྱིར། །


    བང་ཁ་མྱུར་བའི་འདོ་རིག་རྟ་ཕོ་དེ། །

    སྙིང་སྡུག་ཁྱོད་ཀྱི་དབང་རྟ་ཡིན་ན་བསམས། །

    དེ་ལྟར་བསམས་པ་ང་རང་བདེ་ཕྱིར་མིན། །

    ཁྱོད་ཀྱི་སྐུ་བསོད་རླུང་རྟ་དར་བའི་ཕྱིར། །


    ལ་རྩེར་འགྱིང་བའི་དར་ཤིང་སྐྱ་བོ་དེ། །

    སྙིང་སྡུག་ཁྱོད་ཀྱི་རང་ཚུགས་ཡིན་ན་བསམས། །

    དེ་ལྟར་བསམས་པ་ང་རང་བདེ་ཕྱིར་མིན། །

    ཁྱོད་ཀྱི་ཚུགས་ཀ་བྲག་ལས་བརྟན་པའི་ཕྱིར། །


    གསེར་མིག་ཅན་གྱི་ཉ་མོ་གཤོག་དྲུག་དེ། །

    སྙིང་སྡུག་ཁྱོད་ཀྱི་ལུས་པོ་ཡིན་ན་བསམས། །

    དེ་ལྟར་བསམས་པ་ང་རང་བདེ་ཕྱིར་མིན། །

    ཁྱོད་ཀྱི་སྐུ་ལུས་བདེ་ལྕག་འཁྱུག་པའི་ཕྱིར། །


    དཔེ་སྒྲོམ་ནང་གི་དཔེ་དེབ་མཐུག་པོ་དེ། །

    སྙིང་སྡུག་ཁྱོད་ཀྱི་ཤེས་རབ་ཡིན་ན་བསམས། །

    དེ་ལྟར་བསམས་པ་ང་རང་བདེ་ཕྱིར་མིན། །

    ཁྱོད་ཀྱི་ཤེས་རབ་གཞན་ལས་འཕགས་པའི་ཕྱིར། །


    སྨུག་པའི་ཁྲོད་ཀྱི་ལ་གླུ་སྙན་མོ་དེ། །

    སྙིང་སྡུག་ཁྱོད་ཀྱི་ངག་རིག་ཡིན་ན་བསམས། །

    དེ་ལྟར་བསམས་པ་ང་རང་བདེ་ཕྱིར་མིན། །

    ཁྱོད་ཀྱི་སྣང་བ་རྟག་ཏུ་སྐྱིད་པའི་ཕྱིར། །


    ལྡེབས་རིས་ངོགས་ཀྱི་པ་ཊའི་རི་མོ་དེ། །

    སྙིང་སྡུག་ཁྱོད་ཀྱི་ལག་ཤེས་ཡིན་ན་བསམས། །

    དེ་ལྟར་བསམས་པ་ང་རང་བདེ་ཕྱིར་མིན། །

    ཁྱོད་ཀྱི་ལག་ཤེས་ཀུན་གྱིས་རིག་པའི་ཕྱིར། །


    ཕ་གིའི་རི་ཡི་ཁུགས་ཀྱི་ཤྭ་བ་དེ། །

    སྙིང་སྡུག་ཁྱོད་ཀྱི་ཚེ་སྲོག་ཡིན་ན་བསམས། །

    དེ་ལྟར་བསམས་པ་ང་རང་བདེ་ཕྱིར་མིན། །

    ཁྱོད་ཀྱི་མི་ཚེ་ཡུན་རིང་གནས་པའི་ཕྱིར། །

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།