དབུ་ཤོག>བོད་ཀྱི་རིག་གནས།>གསར་འགྱུར་ལྟེ་གནས།
  • སྒྲུང་འབྲིང་རྒྱ་འགྱུར་མ《ཡ་ང་བའི་སྐྱ་རེངས》ལས་མིང་ཚིག་འགྱུར་མའི་སྐོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-07-03

    སྒྲུང་འབྲིང་རྒྱ་འགྱུར་མ《ཡ་ང་བའི་སྐྱ་རེངས》དང་སྒྱུར་པ་པོ་ངོ་སྤྲོད།

    བོད་ཀྱི་གྲགས་ཅན་རྩོམ་པ་པོ་ཚེ་རིང་དོན་གྲུབ་ཀྱིས་བརྩམས་པའི《ཡ་ང་བའི་སྐྱ་རེངས》ཞེས་པ་ནི་མཱ་པུའུ་ཧྥང་ཞེས་པའི་བྱམས་དང་སྙིང་རྗེ་མེད་པའི་དམག་དཔོན་ཞིག་གིས་དམག་དྲངས་ནས་མཚོ་སྔོན་གྱི་ས་ཆ་ཡོངས་ལ་དྲག་འདུལ་བྱས་པའི་ལོ་རྒྱུས་དངོས་རྒྱབ་ལྗོངས་སུ་བྱས་ནས་བརྩམས་པ་ཞིག་ཡིན་ཞིང་། ཅོ་ནེ་ཡུམ་ཚེ་རིང་གིས་རྒྱ་ཡིག་ཏུ་བསྒྱུར་པ་དང་བསྒྱུར་པ་པོས་སྒྲུང་རྩོམ་ཡོངས་ཀྱི་བརྗོད་བྱའི་དོན་དང་རྗོད་བྱེད་ཚིག་ལ་གོ་བ་ཡག་པོ་བླངས་ནས་མ་ཡིག་བཞིན་གོ་བདེ་བར་བསྒྱུར་ཡོད་ལ། ལྷག་པར་ཁོར་ཡུག་ཞིབ་འབྲི་དང་། མི་སྣའི་སྣང་བརྙན་ཞིབ་འབྲི། གཏམ་དཔེ་རྣམས་གསོན་ཉམས་ལྡན་པས་མ་ཡིག་ལས་ཀྱང་བརྒལ་བའི་ཚོར་སྣང་སྟེར་ཐུབ།

    སྒྲུང་རྩོམ་རྒྱ་ཡིག་ཏུ་སྒྱུར་མཁན་ཅོ་ནེ་ཡུམ་ཚེ་རིང་ནི་ཀུན་གྱིས་ཆ་རྒྱུས་ཡོད་པའི་རྒྱ་བོད་གཉིས་ཀྱི་ལམ་ནས་བརྩམས་སྒྲུང་དང་། ལྷུག་རྩོམ། སྙན་ངག་བཅས་འབྲི་བཞིན་པའི་གྲགས་ཅན་རྩོམ་པ་པོ་ཞིག་ཡིན་ཞིང་། ཁོང་གི་སྒྲུང་རྩོམ《སྤྲིན་གྱི་རྫི་བོ》དང་། 《སྡོམ་པ་སྲུང་བ》 རིག་གཞུང་ཆེད་དེབ《བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་ལ་དཔྱད་པ་མདུད་བརྒྱ་གྲོལ་བའི་གཏམ་ཞེས་བྱ་བ་བཞུགས་སོ》 ལྷུག་རྩོམ《གཡག་རྭ་ཆག》 གླེང་བརྗོད་རང་བཞིན་གྱི་བརྩམས་ཆོས《གང་བྱུང་དུ་བཤད་པ》 སྙན་ངག《དར་ལྕོག》སོགས་ཀྱིས་ཀློག་པ་པོ་མང་པོ་ཞིག་ལ་བག་ཆགས་ཟབ་མོ་བཞག་ཡོད་ལ། 2008ལོར་ཁོང་ལ་གྲངས་ཉུང་མི་རིགས་ཀྱི་རྟ་མཆོག་བྱ་དགའ(ཡིག་སྒྱུར་གྱི་བྱ་དགའ)ཡང་ཐོབ་མྱོང་ཡོད། དེ་བས་ཁོང་གིས་བསྒྱུར་བའི་སྒྲུང་རྩོམ《ཡ་ང་བའི་སྐྱ་རེངས》ལ་མཚོན་ནའང་སྤྱིའི་ཆ་ནས་མ་ཡིག་གི་བསྟན་དོན་ལེགས་པར་མཚོན་པ་དང་རྗོད་བྱེད་ཀྱི་ཚིག་སྙན་པོས་བསྐྱར་མཚོན་ལེགས་པོར་བྱས་ཡོད། ཡིན་ནའང་སྒྱུར་པ་པོའི་མིང་ཚིག་འགྱུར་མའི་ཐད་འགྱུར་ལོག་པའི་ཆ་ཤས་འགའ་རེ་མངོན་པས། རང་ཉིད་ཀྱི་ལྟ་བ་རགས་ཙམ་བརྗོད་ན།

    མིང་ཚིག་འགྱུར་མའི་འགྱུར་སྐྱོན་སྐོར་གླེང་བ།

    སྒྱུར་བྱའི་བརྩམས་ཆོས《ཡ་ང་བའི་སྐྱ་རེངས》ལ་མཚོན་ན་བོད་རང་གི་འཚོ་བ་ཚུར་སྣང་བྱས་ཡོད་པ་ཞིག་ཡིན་པས་བོད་ཀྱི་འཚོ་བ་དང་འབྲེལ་བའི་མིང་ཚིག་མང་པོ་ཞིག་ཐོན་ཡོད་ལ། རྒྱ་བོད་གཉིས་ཀྱི་རིག་གནས་ཀྱི་ཁྱད་པར་ལས་གྲུབ་པའི་མིང་སྣ་ཚོགས་ཡོད། དཔེར་ན་རྒྱ་མི་རིགས་ལ་མཚོན་ན་ཞིང་ལས་གཙོ་བོ་བྱེད་པའི་མི་རིགས་ཤིག་ཡིན་པས་མིང་གི་ཁྲོད་ཞིང་ལས་ཀྱི་ཡོ་བྱད་ཀྱི་མིང་མང་བ་དང་། བོད་མི་རིགས་ནི་ཞིང་འབྲོག་གཉིས་ཀར་བརྟེན་ནས་འཚོ་ཞིང་གནས་པའི་མི་རིགས་སུ་གཏོགས་པས་འཚོ་བའི་ཁྲོད་ཀྱང་འབྲོག་ལས་དང་འབྲེལ་བའི་ཡོ་བྱད་མང་པོ་ཡོད། དེ་བས་མི་རིགས་གཉིས་ཀྱི་རིག་གནས་ཀྱི་ཁྱད་པར་ལས་མིང་མི་འདྲ་བ་སྣ་ཚོགས་བྱུང་བ་དང་། མིང་འདི་ཉིད་ཕན་ཚུན་བསྐྱར་མཚོན་བྱེད་སྐབས་ངེས་པར་དུ་འོས་ཤིང་འཚམ་པའི་མིང་རེ་འཚོལ་དགོས་པ་ནི་རྩ་བའི་ཆ་རྐྱེན་ཞིག་རེད། འགྱུར་མ་འདིར་མཚོན་ན་སྒྱུར་པ་པོས་དོན་སྒྱུར་གཙོ་བོ་བཟུང་ནས་བསྒྱུར་ཡོད་པ་དང་། བོད་རང་གི་ཐུན་མོང་མ་ཡིན་པའི་རང་བྱུང་ཁོར་ཡུག་ལས་བྱུང་བའི་མིང་འདི་དག་བསྒྱུར་དུས་རྒྱུན་འབྱམས་ཀྱི་མིང་བཀོལ་པ་ནི་ཐབས་གཙོ་བོ་ཡིན་ཡང་། སྒྱུར་པ་པོའི་གསར་བཅོས་གཙོ་བོར་བཟུང་བས་མ་ཡིག་གི་ཚིག་དོན་དང་འགལ་བ་སོགས་ཀྱི་འགྱུར་ལོག་པའི་སྐྱོན་གང་མང་ཞིག་ཐོན་ཡོད། དཔེར་ན། “སྒྲོ་བ”དང“སྒྱེ་མོ”གཉིས་ལ“皮袋子”ཞེས་བསྒྱུར་ཡོད། སྒྲོ་བ་ནི་པགས་པའི་རིགས་ལས་གྲུབ་པའི་འབྲོག་ཁུལ་གྱི་སྤྱིར་བཏང་བཟའ་ཆས་བླུགས་སྣོད་ཡིན། འོན་ཀྱང་སྒྱེ་མོ་ནི་བལ་རྩིད་ལས་གྲུབ་པ་ཡིན་ལ་སྒྱེ་མོ་ནི་སྤྱིར་འབྲུ་རིགས་སོགས་ཀྱི་བླུགས་སྣོད་ཡིན་པ་དང་། དག་ཡིག་གསར་བསྒྲིགས་ལས“སྒྱེ་མོ་ནི་རས་དང་ཕྱར་བ་སོགས་ཀྱིས་བཟོས་བའི་ཞེང་དོག་ལ་སྲིད་རིང་བའི་སྣོད་ཀྱི་མིང”ཞེས་བྲིས་ཡོད་པ་ལས་སྒྱེ་མོའི་རྒྱུ་ཆ་པགས་པ་མིན་པ་གསལ་པོར་རྟོགས་ཐུབ། དེ་བས་སྒྱུར་པ་པོས་སྒྲོ་བ་ལ“皮袋子”ཞེས་བསྒྱུར་ན་འགལ་བ་མེད་རུང“སྒྱེ་མོ”དེ་ལྟར་གཏན་ནས་བསྒྱུར་མི་རུང་། དེ་ཡང་འགྱུར་མིང་འདི་གཉིས་ལ་འགྱུར་སྐྱོན་བྱུང་དོན་ཡང་སྒྱུར་པ་པོས་སྒྲོ་བ་དང་སྒྱེ་མོ་གཉིས་ཀྱི་རྒྱུ་ཆ་གཅིག་ཡིན་པར་ངེས་པ་རེད། འོན་ཀྱང་དོན་དངོས་དེ་ལྟར་མ་ཡིན་ལ་མིང་འདི་གཉིས་ནི་གྲུབ་བྱེད་ཀྱི་རྒྱུ་ཆ་སོ་སོ་ལས་གྲུབ་པའི་མིང་ཡིན་ལ། འདི་ནི་རྒྱ་བོད་ཀྱི་རིག་གནས་ཀྱི་ཁྱད་པར་ལས་གྲུབ་པའི་མིང་ཞིག་ཡིན་པས་མིང་འདི་ཁ་གསལ་བའི་སྒོ་ནས“皮袋子”དང“毛制袋子”ཞེས་བསྒྱུར་ན་ཀློག་པ་པོར་གོ་འཛོལ་འབྱུང་མི་སྲིད་པས་སྒྱུར་ཐབས་འོས་འཚམ་ཞིག་རེད་སེམས། ཡང་དཔེར་ན། བལ་རྩིད་དང་ཁུ་ལུ་ནི་བོད་མིའི་འཚོ་བའི་ཁྲོད་བཀོལ་སྤྱོད་ཀྱི་རང་བཞིན་ཆེས་ཆེ་བའི་ཡོ་བྱད་གལ་ཆེན་ཡིན་ལ། ལྷག་པར་འབྲོག་ལས་གཉེར་མཁན་ཞིག་ལ་མཚོན་ན་བལ་ཁུ་རྩིད་པ་ནི་འདུག་སའི་སྦྲ་ནག་དང་མཁོ་གལ་ཆེ་བའི་སྣོད་རིགས་ཀྱི་རྒྱུ་ཆ་ཡིན་པས་འབྲོག་པའི་འཚོ་བའི་ཁྲོད་དུ་གནས་བབ་གལ་ཆེན་བཟུང་ཡོད། དེ་བས་ཐུན་མོང་མ་ཡིན་པའི་འཚོ་བའི་ཁོར་ཡུག་ལས་གྲུབ་པའི་མིང་འདི་དག་འགྱུར་བ་མེད་པར་འོས་འཚམ་གྱི་ཚིག་བཙལ་ནས་གཞན་ཡིག་ཏུ་བསྒྱུར་བ་ནི་སྒྱུར་པ་པོའི་སྐབས་སུ་བབ་པའི་འོས་ཡིན་ཡང་། སྐབས་འདིར་སྒྱུར་པ་པོས“བལ་རྩིད་ཁུ་ལུ”ལ“一团团卷起的羊毛”ཞེས་བོད་རིགས་ཡིན་ཡང་རང་གི་འཚོ་བ་ལ་ཆ་རྒྱུས་མེད་པ་ལྟ་བུའི་དགོད་བྲོ་བ་ཞིག་ཏུ་གྱུར་འདུག བལ་དང་རྩིད་པ་ཁུ་ལུ་ལ་མཚོན་ན་འབྱུང་སའི་ཁུངས་ཀྱང་མི་གཅིག་པས་སྐབས་འདིར་རེ་རེ་བཞིན་བསྒྱུར་ན་ཀློག་པ་པོས་གསལ་པོར་གོ་ཐུབ། དེ་ཡང་ལོ་ཙཱ་བ་ཆེན་མོ་ཞུའི་གོ་ཀྲང(许国璋)གིས“ཕྱི་སྐད་མི་ཤེས་པའི་ཀློག་པ་པོར་སྟབས་བདེ་བསྐྲུན་རྒྱུ་ནི་ལོ་ཙཱ་བྱ་བའི་དམིགས་ཡུལ་ཡིན་པ་དང་། འགྱུར་མ་དེ་ཕྱི་སྐད་མི་ཤེས་པའི་ཀློག་པ་པོས་བཀླགས་ཀྱང་གོ་དཀའ་བ་ཡིན་ན། ལོ་ཙཱ་བའི་འོས་འགན་འགྲུབ་ཡོད་པར་བརྗོད་དཀའ་འོ”ཞེས་པ་བཞིན་ཀློག་པ་པོ་དམིགས་ཡུལ་གཙོ་བོར་བཟུང་དགོས་པ་ནི་ཁ་ཚ་དགོས་གཏུག་གི་གནད་འགག་ཅིག་རེད། གཞན་ཡང“དེམ”ཞེས་པ་སྒྲ་སྒྱུར་བྱས་ཏེ“鼎”རུ་བསྒྱུར་ཡོད། སྤྱིར་དེམ་པ་ཞེས་པ་དག་ཡིག་གསར་བསྒྲིགས་ལས“ཁ་དོག་ཅིང་ལྟོ་ལྡིར་བའི་སྣོད་ཅིག་སྟེ་ཇ་དེམ་ལྟ་བུ”དང“鼎”ཞེས་པ་དེང་རབས་རྒྱ་ཡིག་ཚིག་མཛོད་ནང“古代煮东西用的器物,圆形,三足两耳,也有方形四足的”ཞེས་པའི་འགྲེལ་བཤད་གཉིས་ལས་ཀྱང་མིང་ཚིག་འདི་གཉིས་ཀྱི་ཁྱད་པར་གསལ་བར་རྟོགས་ཐུབ་ལ། རྒྱ་ཡིག་ངོས་ཀྱི་དེམ་ཞེས་པ་དང་བོད་ཡིག་ངོས་ཀྱི་དེམ་ཞེས་པ་གཉིས་ལ་གཅིག་མཚུངས་ཀྱི་ནུས་པ་སྟེ་འཚོ་བའི་ཡོ་བྱད་དུ་གྱུར་པའི་སྣོད་ཆས་ཡིན་ཡང་བྱ་དངོས་འདི་གཉིས་ལ་ཕྱི་དངོས་ཀྱི་ཁྱད་པར་ངེས་ཅན་ཞིག་ཡོད་པ་མ་ཟད་བཀོལ་སྤྱོད་ཀྱི་ཆ་ནས་ཀྱང་རྒྱ་ཡིག་ངོས་ཀྱི་དེམ་འདིའི་འགྲེལ་བཤད་ལ་གཞིགས་ན་དངོས་པོ་སོགས་ནང་དུ་བླུགས་ནས་བཙོས་ཆོག་པ་ཞིག་རེད། འོན་ཀྱང་བོད་ཡིག་ངོས་ཀྱི་དེམ་ལ་མཚོན་ན་ཆུ་བསྐོལ་བ་ལས་བཀོལ་སྤྱོད་གཞན་གྱི་རིན་ཐང་མེད་པས་དེམ་ལ“鼎”བསྒྱུར་ན་བསྒྱུར་བྱ་སྒྱུར་བྱེད་གཉིས་ངོ་མི་འཕྲོད་པ་ལྟ་བུའི་ཚོར་སྣང་སྟེར། དེ་ཡང་མཁས་དབང་དཔའ་རིས་སངས་རྒྱས་ལགས་ཀྱིས་གསུངས་པའི་བོད་སྐད་དང་རྒྱ་སྐད་ལ་སྒྲ་དོན་གཉིས་གཅིག་པའི་ཐ་སྙད་མི་ཉུང་བ་ཞིག་འདུག་ཅེས་གསུངས་པ་ལྟར་ན་དེམ་ཞེས་པའི་མིང་འདི་ཡང་སྒྲ་དོན་གཅིག་པའི་མིང་གི་ཁོངས་སུ་གཏོགས་སྙམ་ལ། ཡང་ན་མི་རིགས་གཉིས་ཀའི་ཐུན་མོང་གི་ཁོར་ཡུག་དང་ཐུན་མོང་གི་རིག་གནས། ཐུན་མོང་གི་བསམ་བློའི་ཁྱེར་སོ་སོགས་ལས་བྱུང་བའི་ཐུན་མོང་གི་མིང་སྟེ་སྐད་རིགས་ཕན་ཚུན་སྔར་ནས་ཟུར་ཆག་པའི་བརྡ་རེད། གང་ལྟར་མིང་ཚིག་འདི་ལྟ་བུ་ལ་མཚོན་ན་གཅིག་ལ་གཅིག་འབྲེལ་གྱི་འབྲེལ་བ་ངེས་ཅན་ཞིག་ཡོད་ངེས་ཀྱང་། དངོས་ཡོད་འཚོ་བའི་ཁྲོད་བོད་སྐད་ཀྱི་དེམ་ལ་རྒྱ་ཡིག་གི“壶”ཞེས་པའི་རྒྱུན་འབྱམས་ཀྱི་མིང་ཡོད་པས་སྐབས་འདིར་རྒྱུན་འབྱམས་མིང་བཀོལ་ན་གང་ལས་ཀྱང་འཚམས་པར་སེམས།

    “ཨ་བྲ”ལ“老鼠”ཞེས་བསྒྱུར་ན་འོས་འཚམ་མིན་ལ་འདི་ལྟར་བསྒྱུར་བ་ནི་འགྱུར་སྐྱོན་བརྒྱད་ལས་མ་གྲགས་པའི་སྐྱོན་ལ་གཏོགས། སྒྱུར་པ་པོས་ང་ཚོའི་འཚོ་བའི་ཁོར་ཡུག་ཁྲོད་རྒྱུན་མཐོང་དུ་གྱུར་ཞིང་རྩྭ་སར་གནོད་པའི་བྱི་བའི་རིགས་ཨ་བྲ་དང་ཁྱིམ་ཚང་གི་འབྲུ་རིགས་ལ་གནོད་པ་གཏོང་མཁན་གྱི་སྲོག་ཆགས་ཙི་གུའི་མིང་གཉིས་འཁྲུགས་པའི་སྒོ་ནས་བསྒྱུར་ཡོད། སྤྱིར་སྲོག་ཆགས་འདི་གཉིས་རིགས་གཅིག་སུ་གཏོགས་པར་སྣང་ཡང་། སྤྱིའི་ཆ་ནས་སྲོག་ཆགས་འདི་གཉིས་ཕྱིའི་གཟུགས་ལ་ཆེ་ཆུང་དང་སྡོད་གནས་ལ་ཁྱད་པར་ངེས་ཅན་ཡོད་པས་སོ་སོར་ཐོགས་པའི་མིང་ལའང་ཁྱད་པར་ཡོད། དེ་ཡང་རྩྭ་ཐང་དུ་དར་ཁྱབ་ཆེ་བའི་རྩྭ་སའི་གནོད་པ་སྔོན་འགོག་བྱེད་པ་དེར“ཨ་གསོད་དམ་བྲ་གསོད”དུ་འགྲོ་ཟེར་བ་ལས“ཙི་ཙི་གསོད”དུ་འགྲོ་མི་ཟེར་བས་མིང་འདི་གཉིས་ཐོགས་པའི་སྲོག་ཆགས་གཉིས་ཀྱི་འཚོ་གནས་ཁོར་ཡུག་མི་འདྲ་བ་ལས་དགོས་ངེས་ཀྱི་མིང་རེ་རེ་ཐོགས་ཡོད། དེ་ལས་ལྷག་དོན་ཨ་བྲ་ཞེས་པར་རྒྱུན་འབྱམས་ཀྱི་རྒྱ་ཡིག་མིང“草原鼠”ཞེས་པ་ཆགས་ཡོད་པས་ཚང་མས་གཅིག་གྱུར་གྱི་མིང་འདི་བཀོལ་ན་བོད་ཡིག་གི་ཐ་སྙད་མང་པོ་ཞིག་གཅིག་གྱུར་བྱེད་པ་ལའང་ཕན་པ་ཆེན་པོར་ཐོགས་པར་སེམས། གཞན་ཡང་སྒྱུར་པ་པོས“རྐྱལ་མར”ཞེས་པར“皮口袋”ཞེས་བསྒྱུར་པ་ནི་འགྱུར་སྐྱོན་བརྒྱད་ལས་འགྱུར་དམན་པའི་སྐྱོན་དུ་གཏོགས། རྩོམ་པ་པོས་བརྩམས་ཆོས་ནང་བཀོལ་ཡོད་པའི་མིང་ཚིག་དེ་ནི་འབྲོག་པའི་ཐོན་སྐྱེད་འཚོ་བའི་ཉམས་མྱོང་ལས་བྱུང་ཞིང་གསར་བཟོའི་རང་བཞིན་ལྡན་པའི་པགས་པ་ལས་བཟོས་པའི་རྐྱལ་བའི་ནང་བཟའ་བྱའི་མར་བླུགས་ཏེ་ཁ་བཙེམས་ནས་ཉར་ཚགས་བྱས་ན་མར་རུལ་བའི་སྣང་ཚུལ་མི་འབྱུང་བ་སོགས་དགེ་མཚན་དུ་མ་ལྡན་པ་ཞིག་ཡིན། འདི་ནི་འབྲོག་པའི་འཚོ་བའི་མཚོན་བྱེད་ལྟ་བུར་གྱུར་ཡོད་པས་སྒྱུར་པ་པོས་སྐབས་འདིར་རྐྱལ་མར་ཞེས་པའི་མིང་དེ་ཆ་ཚང་ཞིག་བསྒྱུར་མ་ཐུབ་ན་འདིའི་གོ་རིམ་ཁྲོད་ཀྱི་རིག་གནས་མང་པོ་ཞིག་ཀྱང་དེ་བཞིན་མཚོན་མི་ཐུབ་པས་མ་ཡིག་གི་བསྟན་བྱ་དངོས་དང་ཉམས་ཇི་བཞིན་ཐོན་མེད་ལ། ལྷག་པར་པགས་པའི་རྐྱལ་བའི་ནང་མར་བཞག་པའི་སྣོད་ལ་རྐྱལ་མར་ཟེར་ལ་སྐབས་འདིའི་བསྟན་བྱ་གཙོ་བོ་ནི་རྐྱལ་བ་མ་ཡིན་པར་མར་ཡིན་པས་གང་འཚམས་ཀྱི་མིང་བཙལ་ནས་ངེས་པར་བསྟན་དོན་མཚོན་ཐུབ་པར་བྱེད་དགོས། སྤྱིར་རང་ས་རང་ཡུལ་ནས་འཚར་ལོངས་བྱུང་བའི་བོད་མི་ཞིག་ལ་མཚོན་ན་རྒྱུན་ལྡན་འཚོ་བའི་ཁྲོད་བྱུང་དང་འབྱུང་བཞིན་པའི་མིང་ཚིག་འདི་དག་ལ་གོ་བ་མ་ནོར་བར་ལེན་དགོས་པ་ནི་མ་མཐའི་ཆ་རྐྱེན་ལྟ་བུ་ཡིན་རུང་། འདི་དང་འདི་ལྟ་བུའི་འགྱུར་སྐྱོན་བྱུང་དོན་ནི་སྒྱུར་པ་པོ་དང་འདྲ་བའི་ང་ཚོ་མང་པོ་ཞིག་གིས་འཚོ་བའི་ཁྲོད་ཀྱི་ཕྲ་ཆུང་གི་བྱ་དངོས་དག་ལ་བརྟག་དཔྱད་ཡག་པོ་བྱེད་ཀྱི་མེད་པས་རེད། དེ་བས་སྒྱུར་པ་པོས་སྒྱུར་བྱའི་ཡུལ་གྱི་མི་རིགས་དེའི་རིག་གནས་གོམས་སྲོལ་སོགས་ལ་ཞིབ་ཕྲས་བརྟག་དཔྱད་བྱས་ནས་བསྟན་དོན་རྟོགས་པར་བྱེད་པ་ནི་ཐོག་མའི་འཇུག་སྒོ་ལྟ་བུ་རེད། གཞན་ཡང་མིང་ཚིག་འདི་ལྟ་བུའི་རིགས་ལ་འགྱུར་སྐྱོན་བྱུང་བའི་རྒྱུ་མཚན་གཞན་ཞིག་ནི་སྒྱུར་པ་པོའི་སྒྱུར་བྱེད་སྐད་རིགས་ཀྱི་ཆུ་ཚད་ལ་རག་ལས་པ་རེད། སྒྱུར་པ་པོ་ཞིག་ལ་མཚོན་ན་བསྒྱུར་བྱ་དང་སྒྱུར་བྱེད་གཉིས་ཀར་རིག་གནས་རྨང་གཞི་ངེས་ཅན་ཞིག་དགོས་ལ། ལྷག་པར་སྒྱུར་བྱའི་བསྟན་དོན་མ་འཁྲུལ་མ་ནོར་བར་སྒྱུར་བྱེད་སྐད་ལས་མཚོན་པར་བྱ་དགོས་པ་ནི་ཀློག་པ་པོར་འགན་ཁུར་མིན་གྱི་གནད་དོན་ཡིན་པས་སྒྱུར་པ་པོས་གང་ལ་གང་འཚམ་གྱི་ཐབས་སྤྱད་ནས་སྒྱུར་བྱེད་ཀྱི་མིང་གིས་གོ་བ་མ་ལོག་པར་མཚོན་པར་བྱེད་དགོས།

    མཇུག་བསྡུ་བ།

    འགྱུར་ཡིག་ཀློག་མཁན་རྣམས་ལ་མཚོན་ན། བརྡ་ཆད་རེ་རེ་དང་རིག་གནས་ཀྱི་གོ་དོན་གྱིས་ཕྱུག་པའི་ཆེད་སྤྱོད་ཐ་སྙད་དག་ནི་མ་ཡིག་གི་རིག་གནས་དང་རྩོམ་པའི་སྒྱུ་རྩལ་རྟོགས་བྱེད་ཀྱི་ལྡེ་མིག་ལྟ་བུ་ཡིན་པས་སྒྱུར་པ་པོའི་ངོས་ནས་བརྗོད་ན་བསྒྱུར་བྱ་དང་སྒྱུར་བྱེད་ཀྱི་སྐད་རིགས་གཉིས་ཀར་རྨང་གཞི་ངེས་ཅན་ཞིག་དགོས་པ་མ་ཟད། དེ་དང་འབྲེལ་ཡོད་ཀྱི་ཡུལ་སྲོལ་གོམས་གཤིས་སོགས་ལའང་རྒྱུས་མངའ་ངེས་ཅན་ཡོད་དགོས་པ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། ལོ་ཙཱ་བ་ཅི་ཞན་ལེན་གྱིས་ཀྲུང་གོའི་རིག་གནས་ཀྱི་ལང་ཚོའི་དཔལ་ལ་ཉམས་པ་མེད་ཅིང་། ནད་བརྒྱ་སྨན་གཅིག་ཉིད་དུ་གྱུར་བའི་གསོས་མཆོག་དམ་པ་ནི་ལོ་ཙཱ་ཡིན་ཞེས་གསུངས་པ་ལྟར་འཛམ་གླིང་གི་མི་རིགས་མང་པོ་ཞིག་གི་རིག་གནས་ཀྱི་འཕེལ་རྒྱས་ལ་ལོ་ཙཱ་ཡིས་ནུས་པ་ཆེན་པོ་ཐོན་མྱོང་ཡོད། དེ་བས་ལོ་ཙཱའི་ལས་ལ་འབད་མཁན་ཞིག་ཡིན་ཕྱིན་བསྒྱུར་བྱའི་མ་ཡིག་ལ་འགན་ཁུར་ཏེ། བསྟན་དོན་ཇི་བཞིན་སྟོན་ཐུབ་པའི་ཁར་ཚིག་དོན་སྔ་ཕྱི་འབྲེལ་ཆགས་པ་དང་ཚིག་སྦྱོར་སྙན་ཞིང་འཇེབས་པར་བརྩོན་དགོས་པ་ནི་སྨོས་མེད་ཅིག་རེད་སེམས།

    (བོད་ལྗོངས་ཉིན་རེའི་ཚགས་པར་ཁང་བོད་ཡིག་རྩོམ་སྒྱུར་ལྟེ་གནས་ཀྱི་དབང་སྒྲོན་སྐྱིད)

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།