རིག་རྩལ་མེ་ཏོག་རྣམ་པར་བཀྲ བསམ་པའི་རྒྱགས་ཆས་ཕུན་སུམ་ཚོགས།
—— མངའ་རིས་ས་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་ལྔའི་རིག་རྩལ་ལས་དོན་སྐོར་གྱི་སྒྲིལ་གླེང་།

འདི་ནི་མངའ་རིས་ས་ཁུལ་གྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཡིན་པའི་སྤུ་ཧྲེང་གི་སྒོར་བྲོའི་རྒྱུན་འཛིན་པས་སློབ་མར་འཁྲབ་སྟོན་བྱེད་བཞིན་པ།

འདི་ནི་མངའ་རིས་ས་ཁུལ་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱིས་ཡིག་གཟུགས་འགྲེམས་སྟོན་བྱེད་བཞིན་པ།
ལོ་ལྔའི་རིང་། མངའ་རིས་ས་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཐུན་མོང་མ་ཡིན་པའི་རང་བྱུང་ཁྱད་ཆོས་དང་ལོ་རྒྱུས་ཀྱི་རིག་རྒྱུན་ཟབ་མོར་གཞི་ཚུགས་པ་དང་། མངའ་རིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཚ་ཚ་འུར་འུར་གྱི་ལག་ལེན་ལ་འབྲེལ་བ་དམ་ཟབ་བྱས་ནས། སེམས་ནུས་གཅིག་སྒྲིལ་དང་དངོས་སྒྲུབ་འགན་སྒྲུབ་ཀྱིས་རིག་རྩལ་གསར་རྩོམ་དང་། ཤེས་ལྡན་པ་གསོ་སྐྱོང་། རིག་གནས་དམངས་ཕན་སོགས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་བ་མ་ཟད། ས་ཁུལ་དེ་ཡོངས་ཀྱི་རྒྱ་ཆེའི་རིག་རྩལ་ལས་དོན་པར་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ས་མཐོར་གཞི་ཚུགས་པ་དང་འབད་འབུངས་ཡར་བརྩོན་བྱེད་པ་དང་། མཐའ་མཚམས་ཀྱི་རིག་རྩལ་བྱ་གཞག་བརྟན་པོའི་ངང་གོང་འཕེལ་དང་གཡུར་ཟའི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ནས་མངའ་རིས་ས་ཁུལ་གྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཡིད་འོང་ལ་ཡུན་རིང་གནས་པའི་རིག་གནས་སྟོབས་ཤུགས་བསྣན་ཡོད།
ལོ་ལྔའི་རིང་། མངའ་རིས་ས་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་བྱ་རྒྱུ་དེ་རིག་རྩལ་ལས་དོན་གྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ་དང་། དུས་རབས་ཀྱི་བརྗོད་དོན་གཙོ་བོ་དང་ལྟེ་བའི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བར་དམ་པོར་དམིགས་པ། མི་རིགས་མཐུན་སྒྲིལ་དང་། དཔལ་འབྱོར་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོང་། མཐའ་སྲུང་མཐའ་བརྟན། གྲོང་གསེབ་དར་རྒྱས་སོགས་ཀྱི་གཙོ་གནད་ལས་དོན་ལ་དམིགས་པ་བཅས་བྱས་ཏེ། བརྗོད་དོན་གཙོ་བོ་མངོན་གསལ་དོད་པ་དང་། དུས་རབས་དང་ཉེ་བཅར་ཐུབ་པ། མངའ་རིས་ཀྱི་ཁྱད་ཆོས་ལྡན་པ་བཅས་ཀྱི་རིག་རྩལ་བརྩམས་ཆོས་རྩེ་གྲ་རབ་དང་རིམ་པ་རྒྱུན་མཐུད་བཏོན་ཡོད།
ལོ་ལྔའི་རིང་། མངའ་རིས་ས་ཁུལ་པར་རྒྱག་མཁས་ཅན་མཐུན་ཚོགས་ཀྱི་ཚོགས་མིར་རྒྱལ་སྤྱི་དང་རྒྱལ་ནང་གི་རིགས་ཁག་གི་འགྲན་བསྡུར་ཁྲོད་བྱ་དགའ་80ལྷག་ཙམ་ཐོབ་པ་དང་ཚོགས་མི་བློ་བཟང་ལ་ཏ་ཀེར་ལོ་འཁོར་གྱི་པར་རྒྱག་གསེར་གཟུགས་བྱ་དགའ་ཐོབ་པ་དང་། ཡིག་གཟུགས་དང་རི་མོ་མཁས་ཅན་མཐུན་ཚོགས་ཀྱི་བརྩམས་ཆོས་མང་པོ་ཞིག་ལྗོངས་ཕྱི་ནང་གི་འགྲེམས་སྟོན་ནང་ཞུགས་པར་གྲུབ་འབྲས་ཡག་པོ་ཐོབ་ཡོད། ས་གནས་དེ་གའི་རྩོམ་རིག་གསར་རྩོམ་གྱི་གཡུལ་ས་རྒྱ་ཆེར་གཏོང་ཆེད། མངའ་རིས་ས་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱ་བོད་ཤན་སྦྱར་གྱི་དུས་དེབ《མངའ་རིས་ཀྱི་རྩོམ་རིག》གཉེར་བ་མ་ཟད། གྲགས་ཅན་རྩོམ་པ་པོ་ཚེ་རིང་ནོར་བུ་སྤྱི་ཁྱབ་བློ་འདྲི་བར་གདན་འདྲེན་ཞུས་ནས་རྒྱལ་ཡོངས་ལ་ཕྱོགས་ཏེ་རྩོམ་བསྡུ་བྱས་པས་དེའི་ཁྱབ་སྤེལ་ནུས་པ་དང་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད་ལ། ས་གནས་ཀྱི་རིག་རྩལ་ནང་དོན་ཡང་ཕུན་སུམ་ཚོགས་སུ་ཕྱིན་ཡོད།
2022ལོ་ནས་2023ལོའི་བར། མངའ་རིས་ས་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྔ་རྗེས་སུ་པར་རྒྱག་མཁས་ཅན་མཐུན་ཚོགས་དང་། ཡིག་གཟུགས་དང་རི་མོ་མཁས་ཅན་མཐུན་ཚོགས། རྩོམ་པ་པོའི་མཐུན་ཚོགས་བཅས་བཙུགས་པ་དང་། རིམ་རྩིས་བརྒྱབ་ན་ཚོགས་མི་248སྐྱེད་སྲིང་བྱས་ནས་ས་མཐོའི་རིག་རྩལ་ལ་དགའ་ཞེན་དང་། གཞི་རིམ་དུ་གཞིས་ཚུགས་ཐུབ་པ། ལེགས་སྐྱེས་འབུལ་ཐུབ་པ་དང་འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ས་གནས་དེ་གའི་རིག་རྩལ་རྐང་འཛིན་པའི་དཔུང་ཁག་ཅིག་བཙུགས་ཡོད། མཐུན་ཚོགས་ཀྱི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་བསྟུན་ནས་གཞི་རིམ་གྱི་རིག་རྩལ་ལ་དགའ་པོ་བྱེད་མཁན་དེ་བས་མང་བ་རང་འགུལ་ངང་རིག་རྩལ་གསར་རྩོམ་དང་རིག་རྩལ་རྩ་འཛུགས་ནང་ཞུགས་ནས་རིག་རྩལ་བྱ་གཞག་ལ་རྒྱུན་མཐུད་གསོན་ཤུགས་རྒྱས་པར་སྐུལ་འདེད་བཏང་ཡོད།
ལོ་ལྔའི་རིང་། མངའ་རིས་ས་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་ལས་ཀའི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་དམངས་འཚོར་ཕན་པ་འདོགས་རྒྱུ་དེ་རིག་རྩལ་ལས་དོན་གྱི་དོན་ལ་བབས་སར་བརྩིས་ནས་གཞི་རིམ་གྱི་འཐབ་ས་དང་པོར་རྒྱུན་མཐུད་ངང་བསྐྱོད་དེ་རྒྱུན་རྣམ་ཅན་དང་སྣ་མང་ཅན་གྱི་རིག་གནས་དམངས་ཕན་ཞབས་ཞུ་སྤེལ་ནས་རིག་རྩལ་གྲུབ་འབྲས་དངོས་འབྲེལ་མང་ཚོགས་དང་འབྲེལ་འདྲིས་ཐུབ་པ་དང་མི་རིགས་ཁག་གི་མི་སེར་ལ་ཕན་པ་ཐོབ་པར་བྱས་ཡོད།
མངའ་རིས་ས་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་རིག་རྩལ“རྟ་དམག་ཧྲག་པོ”དང་རིག་རྩལ་དང་བླངས་ཞབས་ཞུའི་རུ་ཁག་བཙུགས་ནས་ལོ་འཁོར་མོར་ཐག་རིང་ཤང་དང་གྲོང་རྡལ་དང་། ཞིང་པ་དང་འབྲོག་པ། གྲོང་ཚོ་དང་གྲོང་སྡོད། མཐའ་སྲུང་སོ་ལྟ་ཁང་། སློབ་གྲྭ་དང་སྡེ་ཁུལ་བཅས་སུ་བསྐྱོད་དེ་རྒྱུན་རྣམ་ཅན་གྱི་རིག་རྩལ་འཁྲབ་སྟོན་དང་། བརྩམས་ཆོས་འགྲེམས་སྟོན། རིག་གནས་སྒྲོག་འགྲེལ་སོགས་ཀྱི་དམངས་ཕན་བྱེད་སྒོ་སྤེལ་ཡོད། ལོ་ལྔའི་རིང་། ཁྱོན་བྱེད་སྒོ་སྣ་ཚོགས་ཐེངས་1000ལྷག་ཙམ་སྤེལ་བ་དེ་མི་རིགས་ཁག་གི་མང་ཚོགས་མི་ཐེངས་ཁྲི་7ལྷག་ཙམ་ལ་ཁྱབ་ནས་མང་ཚོགས་ལ་སྒོ་འགྲམ་དུ་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ཞབས་འདེགས་ཞུས་ཡོད།
འགོ་འཛུགས་ས་གསར་པར། མངའ་རིས་ས་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་རིག་རྩལ་དམངས་ཕན་གྱི་ཐོག་མའི་བསམ་འདུན་མུ་མཐུད་བརྟན་སྲུང་དང་རིག་རྩལ་གྱི་ཞིང་ས་གཤིན་པོ་བརླན་པར་བྱས་ཏེ་རྒྱ་ཆེའི་རིག་རྩལ་ལས་དོན་པར་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་མཐའ་མཚམས་སུ་གཞི་ཚུགས་པ་དང་བློ་རྩེ་གཅིག་སྒྲིམ་ངང་གསར་རྩོམ་གྱིས་རིན་ཐང་ལྡན་པ་དང་། བརྩེ་བས་ཕྱུག་པ། སྟོབས་ཤུགས་ལྡན་པ་བཅས་ཀྱི་རིག་རྩལ་བརྩམས་ཆོས་དེ་བས་མང་བ་བཏོན་ཏེ་རིག་གནས་ལ་བརྟེན་ནས་མི་སྣ་གསོ་སྐྱོང་དང་། རིག་གནས་ལ་བརྟེན་ནས་མི་སྣ་ལེགས་སྐྱོང་། རིག་གནས་ལ་བརྟེན་ནས་མཐའ་མཚམས་དར་རྒྱས་བཅས་ཡོང་བར་བྱས་ཏེ་དུས་རབས་གསར་པའི་མངའ་རིས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་རིག་རྩལ་གྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།