དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ༄༅ སློབ་གསོ་བཟང་པོ་མུན་སེལ་སྒྲོན་མེ་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  གནམ་ལྷ་ཚེ་རིང་།   |     སྤེལ་དུས།  2026-06-28

    ཚན་རྩལ་གསར་པའི་ཡོ་ལང་རབ་ཏུ་རྒྱས་པའི་རྫོགས་ལྡན་གྱི་དུས་འདིར། འུ་ཅག་གིས་འགྲོ་བ་མིའི་རིགས་ཀྱི་འདས་སོང་གི་ལོ་ཟླ་དང་། ལོ་རྒྱུས་ཀྱི་གླེགས་བམ་ལ་ཉམས་ཞིབ་དང་སྔོག་འདོན། ཕྱིར་དྲན་གཏིང་ཟབ་ཅིག་བགྱིས་ན། དྲན་འཛིན་གྱི་མེ་ལོང་ངོས་སུ་ངང་ངམ་ཤུགས་སུ་འཆར་འོངས་པ་ནི། མིའི་རིགས་ཀྱི་ལོ་རྒྱུས་ཀྱི་འཕེལ་རིམ་དེ་སློབ་གསོའི་སྐུལ་འདེད་དང་དམ་དུ་འབྲེལ་ཡོད་ལ། བདེན་དགེ་མཛེས་གསུམ་གྱིས་བཅིངས་པའི་སློབ་གསོ་ནི་མིའི་རིགས་ཀྱི་སྤྱོད་ཚུལ་ལེགས་པོའི་འབྱུང་གནས་སུ་གྲུབ་ཅིང་། མིའི་རིགས་ལ་ཤེས་རིག་གི་ཉི་གཞོན་བསུ་བའི་སྐྱ་རེངས་ཀྱང་ཡིན་ནོ།།

    རེད་དེ། འུ་ཅག་ཚང་མ་དྲིན་ཆེན་མ་ཡུམ་གྱི་མངལ་ལས་ལྷུངས་ཉིན་ནས་བཟུང་། གསར་དུ་ཁ་འབུས་པའི་མྱུ་གུ་ཇི་བཞིན་ཕ་མ་དང་ཁྱིམ་ཚང་གི་སློབ་གསོའི་ཆུ་ལུད་བཟང་པོར་བརྟེན་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་འགོ་བརྩམས་པ་དང་། སྐབས་དེ་དག་ཏུ། ང་ཚོའི་བསམ་བློ་ནི་ནག་ནོག་གི་དྲི་མས་དབེན་པའི་སྤྲིན་དཀར་ཇི་བཞིན་རབ་ཏུ་མཛེས་ཤིང་ཤིན་ཏུ་གཙང་ལ། དེ་ནི་གཞན་མ་ཡིན་ཏེ། ང་ཚོ་གང་ཟག་ཐམས་ཅད་ལ་ཆུང་དུས་ནས་ལྷན་སྐྱེས་སུ་མངའ་བའི་བྱིས་བློ་དྭངས་མའི་མཛེས་སྡུག་དང་འགྱུར་ཁུག་སྙན་མོ་དེ་ཡིན་ལགས། དེ་ལྟར་ང་ཚོས་ནར་སོན་གྱི་ལོ་ཟླའི་བརྒྱུད་རིམ་དུ་རིམ་བཞིན་བྱིས་དུས་ཀྱི་སློབ་གསོ་མྱོང་འགོ་ཚུགས་ཤིང་། དེ་ནི་ང་ཚོ་ལ་མཚོན་ན་མི་ཚེའི་དཀྱོག་མཚམས་གལ་ཆེན་ཞིག་ཏུ་ངོས་བཟུང་ཆོག་ཆོག་ཡིན།

    སྤྱིར་སློབ་གསོ་ཞེས་པ་ནི་མི་ལ་ཤེས་ཡོན་སློབ་ཅིང་མིའི་རྩལ་ནུས་གསོ་སྐྱོང་བྱེད་པའི་ཤེས་རིག་ལ་ཟེར་བ་དང་། དེའི་བྱེ་བྲག་ཏུ་གྱུར་པའི་བྱིས་དུས་ཀྱི་སློབ་གསོ་ནི་སློབ་གསོ་གཞན་དག་མྱོང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་ཏེ། གལ་ཏེ་སློབ་གསོའི་རིགས་གཞན་དག་ནི་འབྲུ་སྣའི་བཅུད་ཀྱིས་གཏམས་པའི་བང་མཛོད་ཅིག་ཡིན་པའི་དབང་དུ་བཏང་ན། བྱིས་དུས་ཀྱི་སློབ་གསོ་ནི་བང་མཛོད་ཀྱི་གཏེར་སྒོ་འབྱེད་པའི་ལྡེ་མིག་དང་གཉིས་སུ་མ་མཆིས། དེ་བས། འུ་ཅག་གི་ཕ་མ་རྣམས་ཀྱིས་ཀྱང་། “ཁ་མིག་ཡར་ལྟ་དང་སྐུད་པ་ཡར་འཁེལ”གྱི་དཔེ་ལྟར། རང་གི་བུ་དང་བུ་མོ་རྣམས་ལ་བྱིས་དུས་སུ་སློབ་གསོ་བཟང་པོ་ཞིག་ཐོབ་པར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་དགོས་ལ། སྐུལ་ལྕག་ཀྱང་མང་ཙམ་བྱེད་དགོས།

    ང་ཚོས་ཤེས་གསལ་ལྟར། ལོ་ཆུང་གི་བྱིས་པ་སུ་ཡིན་ཡང་ཚང་མར་བཅོས་མ་མ་ཡིན་པའི་མཚར་སྣང་གི་བསམ་པ་རྔམས་མཐུག་པོ་ཞིག་ཡོད། དེ་ལ་འཛམ་གླིང་དུ་སྙན་པའི་གྲགས་པ་འབར་བའི་ཕོ་ལན་རྒྱལ་ཁབ་ཀྱི་དངོས་ལུགས་དང་རྫས་འགྱུར་མཁས་ཅན་ཁུ་རེ་ལྕམ་མོ་ལགས་ཀྱིས་ཀྱང་། “མཚར་སྣང་གི་བསམ་པ་ནི་ཐོས་བསམ་དོན་དུ་གཉེར་མཁན་གྱི་སྤྱོད་བཟང་ཨང་དང་པོ་ཡིན”ཞེས་པའི་ལེགས་བཤད་རྨ་མེད་པ་འདི་འདྲ་ཞིག་གསུངས་མྱོང་ཞིང་། འདི་ལས་མཚར་སྣང་ནི་བསམ་གཞིག་གི་ཐོག་མ་དང་། ཞིབ་འཇུག་གི་ཀུན་སློང་ཡིན་ལ། ཤེས་བྱའི་མན་ངག་རྟོགས་དགོས་ཚེ་མཚར་སྣང་གི་བསམ་པ་དགོས་ཤིང། བློ་ཡི་སྒྲོ་འདོགས་གཅོད་དགོས་ཚེ་མཚར་སྣང་གི་བསམ་པ་ལྡན་དགོས་པ་རྟོགས་ཐུབ། དེ་ཡང་། ཆུང་དུས་སུ་བྱིས་པ་ཚོས་རང་ཉིད་ཀྱི་ཕ་མ་ལ་ཡ་མཚན་གྱི་དྲི་བ་སྣ་ཚོགས་འདོན་པ་དེའང་མཚར་སྣང་གི་བསམ་པས་བསླངས་པ་ཤ་སྟག་རེད། དེ་བས། ཁྱོད་རང་རང་ཉིད་ཀྱི་བྱིས་པ་ལ་ཤ་ཚ་ཞིང་སྙིང་ཉེ་བའི་ཕ་མ་བཟང་པོ་ཞིག་ཡིན་ན། བྱིས་པའི་མཚར་སྣང་གི་བསམ་པ་ལ་རྡུང་རྡེག་དང་དམའ་འབེབས་མི་བྱེད་པར། དེ་ལ་ཐུགས་ཞིབ་མོས་རྒྱབ་སྐྱོར་གནང་ཚེ། དེ་ནི་བྱིས་པ་ལ་མཚོན་ན་ཆེས་བླ་ན་འཕགས་པའི་ལེགས་སྐྱེས་ཡིན་ལ། ཁོ་ཚོའི་བྱིས་དུས་ཀྱི་སློབ་གསོ་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་དཔག་བསམ་འཁྲི་ཤིང་ལྟ་བུའོ།།

    སློབ་གསོ་བཟང་པོའི་ཉི་འོད་ཀྱིས་གོ་ལ་ཟླུམ་པོར་གསོན་ཤུགས་སྩོལ་མུས་ཡིན་པའི་བསྐལ་བཟང་གི་དུས་འདིར། འུ་ཅག་གིས་ངེས་པར་དུ་གནའ་བཤད་མཁྲེགས་འཛིན་དང་རང་ལྟ་མཆོག་འཛིན་གྱི་བསམ་བློ་མཐའ་དག་རྨང་ནས་འདོར་དགོས་ལ། བརྩོན་འགྲུས་དང་གསར་གཏོད། སྙིང་སྟོབས་བཅས་ཀྱི་བདེན་དོན་གྱིས་བསྐྲུན་པའི་དུས་རབས་གསར་པའི་ལམ་ཆེན་དུ། ལེ་ལོ་དང་རྨོངས་རྟུལ། རྙིང་ཞེན། བག་འཁུམ། སྒྱིད་ལུག་རྣམས་འཇུག་ས་ཡེ་ནས་མེད་ལ་ཡོད་ཀྱང་མི་སྲིད།

    དེ་བས་ན། འུ་ཅག་གིས་བདེན་དོན་དང་དགེ་མཚན། མཛེས་སྡུག་གི་དཔལ་འབར་བའི་སློབ་གསོ་བཟང་པོ་ཞིག་ཕ་ཡུལ་གངས་ལྗོངས་སུ་གདན་འདྲེན་པར་བསྟོད་གླུ་རིང་མོའི་མཆོད་བརྗོད་འབྲི་བར་བྱའོ།།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།