༄༅། ངོ་མཚར་ཆེ་བའི་ཕ་ཡུལ་མཐོ་སྒང་།
སྔོ་ལྗང་རྩྭ་ཐང་མུ་མེད་ནམ་མཁའ་བཞིན། །
ཡངས་ཤིང་ཆེ་བའི་ངོ་མཚར་སྟོང་གི་གནས། །
མེ་ཏོག་སྣ་བརྒྱ་གོས་ཆེན་རི་མོ་བཞིན། །
མཛེས་ཤིང་སྡུག་པ་སུམ་རྩེན་སྐྱེངས་པའི་གནས། །
དབྱར་ཟླའི་སྒེག་ཉམས་མཁས་པའི་པིར་རྩེ་ལས། །
འཁྲུངས་པའི་མཛེས་སྡུག་ཡུལ་ཁམས་ཉམས་དགའ་བ། །
ཡངས་པའི་རྩྭ་ཐང་མཐོ་བའི་ནོར་འཛིན་སོགས། །
གང་ལ་བལྟས་ཀྱང་ཡིད་དབང་འཕྲོག་པའི་གནས། །
སྔོ་ལྗང་མྱུ་གུ་འབུས་པའི་སྤང་ཐང་ན། །
རི་དྭགས་ཤྭ་དགོ་གནའ་དང་རྐྱང་འབྲོང་གཙོད། །
སྒོ་ཕྱུགས་རྟ་ནོར་ལུག་དང་སྦྲ་གུར་སོགས། །
ཡིད་འོང་འབྲོག་པའི་མཚེར་ས་ངོ་མཚར་གནས། །
སྤྲིན་དཀར་གདུགས་སུ་ཕུབ་པའི་རི་བོ་དང་། །
མེ་ལོང་གཟུགས་སུ་གྲུབ་པའི་དྭངས་གཙང་ཆུ། །
སྔོ་ལྗང་གཡས་སུ་འཁྱིལ་བའི་མཚོ་མོ་སོགས། །
སྒེག་ལྡན་འབྲོག་ཐང་མཛེས་པ་འཛམ་གླིང་རྒྱན། །
གང་ལ་སོང་ཡང་མ་བཅོས་རང་བྱུང་གི །
བཀོད་པ་ངོ་མཚར་འབུམ་གྱིས་ཕྱུག་པའི་གནས། །
ཕ་ཡུལ་མཐོ་སྒང་འདི་ཡི་སྒེག་ཉམས་དང་། །
འདྲ་བའི་གནས་ཤིག་ས་སྟེང་འདི་རུ་དཀོན། །
འབྲེལ་ཡོད་གསར་འགྱུར།