དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ༄༅། སྤང་ཐང་གི་དྲན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  གཡུ་ཆུང་།   |     སྤེལ་དུས།  2026-06-28

    རྫི་མོའི་གོམ་ཆུང་ཕྲ་མོ། །

    མདུན་ལ་སྤོ་ཙམ་གནང་དུས། །

    ཉི་མའི་འོད་ཀྱི་ཟེགས་མ། །

    བསིལ་བསིལ་རླུང་བུས་གཏོར་སོང་། །

    ཟེགས་མའི་མུ་ཏིག་རྡོག་པོ། །

    རྩྭ་མགོའི་ཟིལ་པར་འདྲེས་སོང་། །

    ལུ་གུ་གོམ་ལག་མྱུར་མོས། །

    རྩེད་འཇོའི་གར་ལ་རོལ་སོང་། །

    རྩྭ་མགོའི་མུ་ཏིག་ཟིལ་པ། །

    ལུ་གུའི་སུག་པས་དཀྲོགས་སོང་། །

    ཟིལ་པའི་མུ་ཏིག་ཆར་ཡིན། །

    ཆར་པ་སྤང་ལ་བབས་སོང་། །

    སྤང་ཁའི་སྤང་རྒྱན་མེ་ཏོག །

    ཆུང་ཆུང་ལུ་གུའི་རྩེད་གྲོགས། །

    གདོང་གི་འཛུམ་ཆུང་དམུལ་དམུལ། །

    རིང་བའི་ཕྱི་ཐག་ཡིན་སོང་། །

    དབྱར་མ་སྟོན་ལ་སླེབས་དུས། །

    སྤང་རྒྱན་འདབ་ལོ་མ་ཐོར། །

    ལུ་གུ་སུན་པར་དོགས་ནས། །

    ཡུད་ཙམ་འདུག་རོགས་མཛད་ཡོད། །

    ཁ་ཆར་བུ་ཡུག་འཚུབ་ན། །

    ཚར་ལྭ་རྫི་བོར་ཕུལ་ཆོག །

    ལུ་གུའི་གོམ་པའི་རྩེད་འཇོ། །

    སང་ལོ་སྤང་ལ་སྒྱུར་ཤོག །

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།