༄༅། ཟླ་བ་དྲུག་པའི་རྨི་ལམ།
ནོར་འཛིན་གཡུ་གཞོང་ཡངས་པའི་ཚལ། །
མེ་ཏོག་སྣ་ཚོགས་འདབ་བརྒྱ་གྲོལ། །
དུས་ཀྱི་སྣང་བརྙན་འཇམ་པོ་འདི། །
ཡིད་ཅན་དགའ་བའི་གསོས་སུ་གྲུབ། །
ཉི་མའི་འཛུམ་ཟེར་སྤང་ལ་འཁྱུད། །
བསིལ་འཇམ་རླུང་བུ་སྙིང་ལ་སིམ། །
གཙང་ཆབ་སྔོན་མོའི་འགྲམ་ངོགས་ན། །
ངང་པ་ཁྱུ་ཚོགས་གཏམ་རྒྱུད་སྒྲིག །
སྦྲང་ཆར་རྩྭི་ཤིང་རྒྱས་པའི་གཉེན། །
འཇའ་ཚོན་ལང་ཚོ་ངོམ་པའི་ཤུལ། །
གཟུགས་མེད་ཀུན་རྟོག་སྒྱུ་མའི་ངོར། །
མི་རྟག་ཚེ་ཡི་གཉེར་མ་འཁྱིལ། །
ནགས་ཀྱི་ལྗོན་པ་གསར་པའི་ཚལ། །
བྱིའུ་ཆུང་འཇོལ་མོ་གར་ལ་རོལ། །
སྙིང་གྲོགས་རི་དྭགས་བག་ཡངས་རྒྱུ། །
སྙིང་གཏམ་གླིང་བུ་རྣ་བར་འཇེབས། །
དྲན་འཛིན་ཟླ་འོད་སྲོད་ལ་ཉུལ། །
ས་སྲོས་ཁང་ཆུང་དབེན་ཞིང་འཇམ། །
ང་ཡི་དྲན་པའི་ཐ་སྙད་ཚོགས། །
སོར་མོའི་རྩེ་རུ་ཡང་ཡང་འཁྱུག །
སྨུག་པའི་རི་གྲོང་ཉམས་དགའ་རུ། །
རྒྱུད་དྲུག་པི་ཝང་དཀྲོལ་བའི་མི། །
སྙན་ངག་གོམ་སྟབས་སྒྱུར་ཐེངས་རེར། །
ང་ཡི་ནང་སེམས་ཅིག་ཅར་ཕྲོགས། །
འབྲེལ་ཡོད་གསར་འགྱུར།