འཁྲབ་ཚན་འགྱུར་མའི་སྒྲ་སྦྱོར་སྒྱུ་རྩལ་དང་སྤྱི་ཚོགས་ཤུགས་རྐྱེན་སྐོར་རགས་ཙམ་གླེང་བ།
འཁྲབ་ཚན་འགྱུར་མ་སྒྲ་སྦྱོར་བྱེད་པ་ནི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་ཞིང་། ལྷག་པར་དུ་མི་ལོ་བཞི་ཅུ་ལྷག་གི་ལོ་རྒྱུས་ལྡན་པའི་བོད་སྐད་འཁྲབ་ཚན་འགྱུར་མའི་སྒྲ་སྦྱོར་བྱ་གཞག་འདི་ཉིད་ཀྱང་མི་ལོ་བཞི་བཅུ་ཙམ་རིང་བོད་སྐད་གློག་བརྙན་དང་བརྙན་འཕྲིན་བརྩམས་ཆོས་ཁྲོད་དུ་ནུས་པ་གལ་ཆེན་ཐོན་བཞིན་ཡོད་ལ། འཁྲབ་ཚན་འགྱུར་མའི་སྒྲ་སྦྱོར་ལ་སྒྱུ་རྩལ་གྱི་མངོན་ཚུལ་མི་འདྲ་བ་ཡོད་པ་ཕུད། བོད་སྐད་སྤྱོད་པའི་སྤྱི་ཚོགས་ཧྲིལ་པོར་ཤུགས་རྐྱེན་ཆེན་པོ་ཐེབས་དང་ཐེབས་བཞིན་ཡོད། དེས་ན་འདིར་འཁྲབ་ཚན་འགྱུར་མའི་སྒྲ་སྦྱོར་གྱི་སྒྱུ་རྩལ་ཁྱད་ཆོས་དང་སྤྱི་ཚོགས་ལ་ཐེབས་པའི་ཤུགས་རྐྱེན་རགས་ཙམ་གླེང་བར་འདོད།
དང་པོ། སྒྲ་སྦྱོར་སྒྱུ་རྩལ་གྱི་ཁྱད་ཆོས།
འཁྲབ་ཚན་འགྱུར་མ་སྒྲ་སྦྱོར་བྱེད་པ་ནི་སྟབས་བདེ་བའི་སྐད་བསྒྱུར་བ་ཙམ་མ་ཡིན་པར་སྣ་མང་སྒྱུ་རྩལ་གྱི་ཐབས་རྩལ་དང་མངོན་ཚུལ་མི་འདྲ་བ་ཞིག་ཡིན།
གཅིག མི་སྣ་གསར་བཞེངས་བྱེད་པ་དང་དེའི་བརྩེ་དུང་མཚོན་པ།
སྒྲ་སྦྱོར་འཁྲབ་སྟོན་པས་སྐད་ཀྱི་སྒྲ་གདངས་ཀྱི་མཐོ་དམའ་དང་། ཕྲ་སྦོམ། དལ་མགྱོགས་སོགས་ཀྱི་ཐོག་ནས་མི་སྣའི་བརྩེ་སེམས་དང་རང་གཤིས་མཚོན་པར་བྱས་ཏེ། འཁྲབ་བྱའི་མི་སྣར་ཡོད་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གང་ཡོད་པ་དེ་མངོན་སུམ་དུ་མཚོན་པར་བྱེད་དགོས་ན། སྒྲ་སྦྱོར་བར་འཁྲབ་སྟོན་པའི་ནུས་རྩལ་ངེས་ཅན་ཞིག་ལྡན་དགོས་ལ་འཁྲབ་བྱའི་མི་སྣའི་གཤིས་ཀ་དང་། སྐད་ཆའི་ཤོད་སྟངས། སྐད་གདངས་མཐོ་དམའ་སོགས་ལ་རྒྱུས་མངའ་གཏིང་ཟབ་ལོན་དགོས།
གཉིས། སྒྲ་དང་བརྙན་རིས་ཀྱི་མཐུན་སྦྱོར།
སྒྲ་སྦྱོར་ལེགས་པོ་ཞིག་དགོས་ན་ཐོག་མའི་བརྙན་རིས་དང་ཟུང་འབྲེལ་ལེགས་པར་བྱེད་དགོས་པ་སྟེ། ལྟད་མོ་བས་གློག་བརྙན་ལ་ལྟ་སྐབས། མིག་གིས་མཐོང་བ་དང་རྣ་བས་ཐོས་པ་གཉིས་ངེས་པར་དུ་གོམ་སྟབས་གཅིག་མཐུན་ཡོང་བ་དགོས། དེ་བས་སྒྲ་སྦྱོར་དཔུང་ཁག་གི་ལས་དོན་མི་སྣར་ལག་རྩལ་གྱི་ཆུ་ཚད་མཐོ་པོ་ཞིག་དང་འཁྲབ་བྱའི་ཟློས་གར་གྱི་འགྲོས་དང་བསྟུན་ཐུབ་པའི་ཚོར་བ་སྐྱེན་པོ་ཞིག་ཀྱང་དགོས་ཀྱི་ཡོད།
གསུམ། སྐད་རིགས་མི་འདྲ་བ་ཡང་གོ་བརྡ་ལེགས་པར་འཕྲོད་པ།
སྒྲ་སྦྱོར་བས་སྒྲ་སྦྱོར་བྱེད་པའི་བརྒྱུད་རིམ་ཁྲོད། ངེས་པར་དུ་འཁྲབ་ཚན་ཨ་མའི་བརྙན་རིས་ཀྱི་མཚོན་དོན་ངོ་མ་དང་། སྐད་བརྡའི་ཁྱད་ཆོས་དེ་བསྒྱུར་བྱའི་སྐད་བརྡས་ཀྱང་དེ་རང་འཁྲུལ་མེད་དུ་མངོན་པར་བྱ་དགོས་པ་མ་ཟད། མ་སྐད་ཀྱི་བྲོ་བ་ངོ་མ་དེ་མགོ་མཇུག་བར་གསུམ་དུ་རྒྱུན་འཁྱོངས་བྱ་དགོས་ལ། ལྟད་མོ་བལྟ་མཁན་གྱི་རིག་གནས་ཆུ་ཚད་དང་ཡང་འཚམ་ཐུབ་པ་དགོས། ནང་དོན་དེ་དག་ཡིག་སྐད་མིན་པར་ཁ་སྐད་ཀྱི་ཐོག་ནས་མཚོན་ཐུབ་པ་དགོས་པས། སྒྲ་སྦྱོར་དཔུང་ཁག་གི་རིག་གནས་ཆུ་ཚད་དང་སྐད་ཆའི་སྒྱུ་རྩལ་ལ་ཚད་མཐོའི་རེ་བ་བཏོན་ཡོད།
གཉིས་པ། སྤྱི་ཚོགས་ཤུགས་རྐྱེན།
གཅིག རིག་གནས་ཁྱབ་སྤེལ་གཏོང་བ།
འཁྲབ་ཚན་གང་ཡང་རུང་བ་ཞིག་སྐད་བརྡ་གཞན་ཞིག་ནས་སྒྲ་སྦྱོར་བྱས་པ་བརྒྱུད། རྒྱལ་ཁབ་དེ་དང་། མི་རིགས་དེའི་རིག་གནས་དང་ཡུལ་གོམས་གཤིས་ལུགས། ཟས་གོས་སྤྱོད་གསུམ་སོགས་སྐད་ཀྱི་བཀག་རྒྱ་ལས་བརྒལ་ཏེ་མི་རིགས་གཞན་ཞིག་ལ་ཁྱབ་སྤེལ་བྱས་པ་དེས་བསྒྱུར་བྱའི་སྐད་རིགས་དེ་ཉིད་གཞི་རྒྱ་ཆེ་བའི་རྒྱལ་སྤྱིའི་སྐད་བརྡའི་ཁྱབ་ཁོངས་ཆེན་པོར་འཇུག་པ་མ་ཟད། རང་མི་རིགས་ཀྱི་སྐད་དང་ཡི་གེ་དེ་ཉིད་ཀྱང་མི་རིགས་གཞན་ལ་ཁྱབ་སྤེལ་ཐུབ་ཀྱི་ཡོད།
གཉིས། སྐད་ཡིག་སྤེལ་རེས་དང་སློབ་སྦྱོང་བྱེད་པ།
འཁྲབ་ཚན་འགྱུར་མས་རྒྱ་ཆེའི་སྐད་ཡིག་གང་དེའི་གཟིགས་མོ་བ་རྣམས་ལ་འཁྲབ་ཚན་གྱི་གོ་བརྡ་ལེགས་པར་སྤྲད་པ་ཕུད་མི་རིགས་གཞན་ཞིག་གི་ཡུལ་སྲོལ་གོམས་གཤིས་དང་རིག་གནས་སོགས་ལ་རྒྱུས་མངའ་བྱེད་པའི་གོ་སྐབས་དང་ཁོར་ཡུག་གསར་པ་ཞིག་སྦྱིན་ཡོད།
གསུམ། ལས་རིགས་མི་སྣ་གསོ་སྐྱོང་དང་ལས་ཞུགས་གོ་སྐབས་སྤྲད་པ།
འཁྲབ་ཚན་འགྱུར་མའི་སྒྲ་སྦྱོར་འདི་ཉིད་ཀྱང་ཟམ་མི་ཆད་པར་འཕེལ་རྒྱས་འགྲོ་བའི་དགོས་མཁོ་དང་བསྟུན་ནས་ཡིག་སྒྱུར་ལོ་ཙྰ་བ་དང་། སྒྲ་སྦྱོར་འཁྲབ་སྟོན་པ། སྒྲིག་བཟོའི་མི་སྣ་སོགས་ལ་ལས་ཞུགས་ཀྱི་གོ་སྐབས་བསྐྲུན་ཡོད་ལ། སྒྲ་སྦྱོར་གྱི་ཚན་པ་ལའང་ལས་རིགས་འདི་ཉིད་ཀྱི་ནུས་པ་མཐོར་འདེགས་གཏོང་བར་སྐུལ་འདེད་ཀྱང་གཏོང་བཞིན་ཡོད།
བཞི། རིག་གནས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པ།
འཁྲབ་ཚན་འགྱུར་མའི་སྒྲ་སྦྱོར་གྱིས་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་རང་རྒྱལ་གྱི་སྣ་མང་རང་བཞིན་གྱི་རིག་གནས་ལ་སྲུང་སྐྱོབ་བྱས་པ་དང་ལྟད་མོ་བས་མི་རིགས་གཞན་གྱི་གློག་བརྙན་དང་བརྙན་འཕྲིན་བརྩམས་ཆོས་ལ་མྱོང་རོལ་ཐུབ་པ་དང་ཆབས་ཅིག མི་རིགས་གཞན་གྱི་ཐུན་མིན་རིག་གནས་དང་ཡུལ་གོམས་གཤིས་ལུགས། མི་ཚེའི་ལྟ་བ། རིན་ཐང་ལྟ་བ་སོགས་ལ་རྒྱུས་ལོན་བྱུང་སྟེ། རང་རྒྱལ་གྱི་སྣེ་མང་ཕུན་སུམ་ཚོགས་པའི་རིག་གནས་རྒྱུན་འཛིན་བྱེད་པར་མཐུན་རྐྱེན་བསྐྲུན་ཡོད།
འཁྲབ་ཚན་འགྱུར་མ་སྒྲ་སྦྱོར་བྱེད་པ་ནི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་པས་སྒྱུ་རྩལ་གྱི་མཚོན་ཐབས་ཐད་གལ་ཆེའི་དོན་སྙིང་ལྡན་པ་མ་ཟད། སྤྱི་ཚོགས་ཁྱོན་ཡོངས་ལ་རྒྱ་ཆེ་ལ་གཏིང་ཟབ་པའི་ཤུགས་རྐྱེན་ཡང་ཐེབས་ཡོད། འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་དང་བསྟུན་ནས་འཁྲབ་ཚན་འགྱུར་མའི་སྒྲ་སྦྱོར་གྱིས་མི་རིགས་ཁག་དབར་རིག་གནས་སྤེལ་རེས་དང་། ལས་ཞུགས་གོ་སྐབས་སོགས་གང་ཐད་ནས་ནུས་པ་གང་ལེགས་བཏོན་ཡོད་ལ་སྤྱི་ཚོགས་འཕེལ་རྒྱས་དང་སྣ་མང་རིག་གནས་སྲུང་སྐྱོབ་བྱ་བར་གལ་ཆེའི་ནུས་པ་འདོན་པ་དང་ལེགས་སྐྱེས་འབུལ་བཞིན་ཡོད།
(བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་སྒྲ་སྦྱོར་ཚན་པའི་དབྱངས་ཅན་སྒྲོལ་དཀར)
འབྲེལ་ཡོད་གསར་འགྱུར།