༄༅། ཕ་ཡུལ་གྱི་དྲན་པ་རབ་རིབ།
ངོ་མཚར་ཆེ་བའི་བྱིས་དུས་ཀྱི་ཞིང་ཁམས་སྔས་སུ་བཅོལ་ལ། རྩེད་སྒྲ་དང་དགོད་སྒྲ་ཡིས་ཁེངས་པའི་བྱིས་དུས་ཀྱི་རྨི་ལམ་འཇམ་པོ་ཡང་ཡང་བློ་ངོར་བཅགས། ཀྱག་ཀྱོག་གི་ལོ་ཟླ་མང་པོ་རྡོག་པས་བརྫིས་ལ། མངར་སྐྱུར་གྲོ་ཆང་བསྲེས་པའི་འཚོ་བ་གསར་པའི་ཕྱོགས་སུ་གོམ་ཁ་བསྒྱུར། མཛེས་སྡུག་ལྡན་པའི་ཕ་ཡུལ་ནི་ང་རང་སྐྱེ་ཞིང་འཚར་ལོངས་འབྱུང་སའི་གནས་མལ་ཞིག་ཡིན་ལ། གཅེས་པར་འོས་པའི་ཕ་ཡུལ་གྱི་ཡར་ཆབ་སྔོན་མོ་ནི་ང་རང་གཉོམ་ལག་རྒྱས་སའི་ཟུངས་ཁྲག་དྲོན་མོ་དེ་ཡིན།
ཕ་ཡུལ་ནི་སྔར་བཞིན་ཞི་བདེ་ལྷིང་འཇགས་དང་། བདེ་སྐྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་པའི་མེ་ཏོག་ལྡུམ་ར་ཞིག་ཡིན་ལ། ཕ་ཡུལ་གྱི་དྭངས་ཞིང་གཙང་ལ་གཡའ་ངོ་དག་པའི་ནམ་མཁའ་སྤྲིན་དཀར་གྱི་ཚོམ་བུས་རབ་ཏུ་བརྒྱན། ཕ་ཡུལ་གྱི་ཞོགས་པའི་ཁྱིམ་དུད་རེ་རེའི་སྔོ་ལྷོག་ལྷོག་གི་དུ་སྤྲིན་ལས། ཕ་ཡུལ་ལ་སྔར་བས་མཛེས་སྡུག་གི་མགུལ་རྒྱན་ཐོལ་པ་ཞིག་སྤྲད་ལ། སྣ་ཚོགས་བྱ་བྱིའུ་ཡི་གསུང་དབྱངས་སྙན་མོ་ལུས་སེམས་གསོ་བའི་དཔལ་དུ་ཤར།
ཕ་ཡུལ་གྱི་ལྷོ་ཕྱོགས་སུ་གླང་ཆེན་འཕྲེད་ཉལ་ལྟ་བུའི་ས་འཛིན་དཀར་པོ་མུ་ཁྱུད་སྟར་དུ་མཛེས་ལ། བརྗིད་ཉམས་དལ་གྱིས་བཞུར་བའི་ཡར་ཀླུང་གཙང་པོས་ཡངས་པའི་ཞིང་ཐང་ཡོངས་སུ་བསྐོར་ཞིང་། ལྷག་བསམ་གྱི་ལས་དབང་གཅིག་ཏུ་འཁྱིལ་བའི་སེར་བྱ་ངང་པའི་སྙན་པའི་དར་དིར་དབྱངས་ཀྱིས་དགའ་བ་འབུམ་དུ་འཕྲོག ཡངས་ཤིང་རྒྱ་ཆེ་བའི་ཕ་ཡུལ་གྱི་ཞིང་ཐང་གྲུ་བཞི་ལས་ཐོན་ཁུངས་ཕུན་སུམ་ཚོགས་པའི་འབྲུ་རིགས་སྙེ་མའི་རྦ་རླབས་དགུང་དུ་འཕྱུར་བཞིན། དཀའ་སྤྱད་ལས་ལ་བརྩོན་པའི་ཕ་ཡུལ་གྱི་མི་རྣམས་ནི་སེམས་བག་ཡངས་ལ། དགའ་སྤྲོ་འཕེལ་བའི་ཞི་མཐུན་མཉམ་དུ་གནས་པའི་དེང་དུས་ཀྱི་འཚོ་བ་གསར་པར་གཅེས་སུ་འཛིན།
མདོར་ན། ཕ་ཡུལ་ནི་ངའི་བྱིས་དུས་ཀྱི་དགོད་སྒྲ་འཆོར་སའི་གནས་མལ་འཇམ་པོ་དེ་ཡིན་ལ། ངོ་མཚར་ཆེ་བའི་ན་མཉམ་དུས་གྱི་རྩེད་ར་གྲུ་བཞི་དེ་ཡང་ཡིན། འདི་ན་ངའི་སེམས་ཀྱི་འཆར་སྒོ་ཡངས་པའི་དགའ་སྐྱོ་ཟུང་གི་ལོ་རྒྱུས་རབ་རིབ་དང་། ཞེན་ཆགས་ཀྱི་གཡབ་མོ་བསྐོར་སའི་གནས་དམ་པ་དེའང་ཡིན།
འབྲེལ་ཡོད་གསར་འགྱུར།