༄༅། ངའི་སློབ་ཆུང་གི་འཚོ་བ།
སྙན་ཞིང་འཇེབས་པའི་དཔེ་ཀློག་གི་དབྱངས་རྟ་ལྷང་ལྷང་དུ་གྲགས་ཤིང་། མཛའ་གཅུགས་ཟབ་པའི་རྐང་དྲུག་བུང་བའི་ཚོགས་རྣམས་ཤེས་རིག་གི་སྦྲང་རྩི་འཐུ་སའི་དགའ་ཚལ་དེ་ནི་གུས་མོའི་དྭངས་གཙང་གི་བྱིས་བློར་ནམ་ཡང་བརྗེད་ཐབས་མེད་པའི་མ་ཡུམ་སློབ་གྲྭ་ཡིན།
དང་ཐོག་ང་རང་མ་ཡུམ་སློབ་གྲྭ་ལ་གོམ་པ་དང་པོ་སྤོ་དུས་ངའི་སེམས་ལ་སྨྲ་མི་ཤེས་པའི་ཚོར་བ་ཞིག་སྐྱེས་བྱུང་། དགེ་བའི་བཤེས་གཉེན་ལགས་ཀྱིས་ང་ཚོ་སློབ་མ་རྣམས་ལ་སློབ་སྦྱོང་ཡག་པོ་བྱེད་དགོས་ཞེས་གསུངས་མ་ཐག ངའི་སེམས་ལ་སློབ་གྲྭ་ནི་རིག་གཞུང་གི་གནས་དང་མེ་ཏོག་ཁྲ་ཆིལ་ལེར་བཞད་ས་དང་། སློབ་མ་རྣམས་ནི་མེ་ཏོག་གི་བཅུད་བཟང་ལེན་པའི་རྐང་དྲུག་ཞིག་མ་ཡིན་ནམ་སྙམ། ཁ་ཆར་དང་གྲང་ངར་སོགས་ནམ་དུས་གང་འདྲ་ཞིག་ཡིན་རུང་། མ་ཡུམ་སློབ་གྲྭས་སློབ་མ་རྣམས་ལ་བཅངས་པའི་བརྩེ་བ་ཟབ་མོ་དེ་ནམ་ཡང་ཡལ་མི་སྲིད་།
དགེ་བའི་བཤེས་གཉེན་ལགས། ཁྱེད་ཀྱིས་ང་རང་རྨོངས་པའི་གནས་ལས་བསྐྱབས་ཏེ་འོད་སྟོང་གི་ལམ་དུ་དྲངས་ཤིང་། ཡི་གེ་ན་ཙམ་ཡང་མི་ཤེས་པའི་བྱིས་པ་ཆུང་ཆུང་ཞིག་ཁྱེད་ཀྱི་བྱམས་བརྩེའི་གསོ་སྐྱོང་འོག སློབ་སྦྱོང་གི་སྦྱངས་འབྲས་ཉིན་རེ་བཞིན་ཡར་རྒྱས་བྱུང་། ཁྱེད་ཀྱི་མཛད་རྗེས་ནི་ནམ་མཁའ་ལས་ཀྱང་ཡངས་ལ་རྒྱ་མཚོ་ལས་ཀྱང་ཟབ། དགེ་བའི་བཤེས་གཉེན་ལགས། ཁྱེད་ནི་ནམ་ཡང་ནུབ་མི་སྲིད་པའི་ངའི་སེམས་དབུས་ཀྱི་ཉི་མ་དང་གཉིས་སུ་མེད།
སློབ་གྲོགས་ཕན་ཚུན་དབར་གྱི་མཛའ་མཐུན་ནི་འོ་ཆུ་ལྟར་གཅིག་ཏུ་འདྲེས་ནས་ཡོད། སློབ་ཆུང་ལོ་དྲུག་ནང་ང་ཚོ་མཉམ་དུ་ངུ་མྱོང་ལ་དགོད་ཀྱང་མྱོང་། ལོ་དྲུག་རིང་། རྒན་ལགས་ཀྱིས་བསྟོད་པའི་མེ་ཏོག་སྟོར་མྱོང་ལ། བཀའ་བཀྱོན་གྱི་ལྕག་ཚན་ཡང་བྲབས་མྱོང་། མདོར་ན། སློབ་ཆུང་གི་འཚོ་བའི་ཆ་ཤས་རེ་རེ་ངས་ནམ་ཡང་བརྗེད་ཐབས་བྲལ།
དུས་ཚོད་ནི་གློག་དམར་འཁྱུག་པ་བཞིན་ཡུད་ཙམ་ཞིག་ལ་སློབ་ཆུང་གི་འཚོ་བ་མཇུག་འགྲིལ་ལ་ཉེ། ངའི་སེམས་ལ་བྲལ་མི་འདོད་པའི་སྐྱོ་གདུང་གིས་ཁེངས་ཀྱང་འཛོམས་པའི་མཐའ་མ་འབྲལ་དགོས་པ་འཇིག་རྟེན་ཆོས་ཉིད་ཡིན་པས་དེ་སུས་ཀྱང་འགོག་ཐབས་བྲལ།
(རྩོམ་མཁན་ཆུང་ཆུང་དག་ནི་དིང་རི་རྫོང་བཀྲ་ཤིས་འཛོམས་གྲོང་རྡལ་སློབ་ཆུང་ལོ་རིམ་དྲུག་པའི་འཛིན་གྲྭ་གཉིས་པའི་སློབ་མ་ཡིན)
འབྲེལ་ཡོད་གསར་འགྱུར།