དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ༄༅། དབྱར་གྱི་དཔལ་མོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  གངས་ཆབ་ལྷ་སྲས།   |     སྤེལ་དུས།  2026-06-21

    ནམ་ཟླ་དབྱར་གྱི་དུས་བཟང་མངོན་པར་ཤར། །

    སྤྲིན་དཀར་ཆར་གྱིས་བཀྲུས་ཏེ་ལྷུང་ལྷུང་འབབ། །

    ས་ཡི་སྣོད་བཅུད་རྫོགས་ལྡན་ལང་ཚོ་སྨིན། །

    དྲོད་ཀྱིས་གསོས་པའི་རི་སྐྱེས་རྩི་ཐོག་རྒྱས། །

    མཁའ་ཡི་དབྱར་རྔ་ལྡིར་བའི་ས་སྲོད་རེར། །

    ཆར་སྤྲིན་ནག་པོ་འཁྲིགས་ཤིང་རྒྱུ་བ་ན། །

    སྦྲང་ཆར་ཟམ་ཟིམ་ཆད་མེད་འཐོར་བའི་ཚེ། །

    དབྱར་གྱི་ལྷ་མོ་སྤྲོ་བའི་འཛུམ་དམུལ་དམུལ། །

    རི་དྭགས་ཚོགས་ཀྱིས་ལྗོན་ལོ་གྲོགས་སུ་བསྟེན། །

    འདབ་ཆགས་ཚོགས་ཀྱིས་སྙན་པའི་གྲེ་འགྱུར་སྒྲོག །

    ཁུ་བྱུག་སྔོན་མོས་གྱེར་བའི་དབྱངས་རྟ་འཇེབས། །

    དབྱར་གྱི་དཔལ་མོ་འཇིག་རྟེན་མཛེས་པའི་རྒྱན། །

    རྟ་ནོར་ལུག་གསུམ་རྩེད་འཇོའི་གར་ལ་རོལ། །

    ཞོ་འོ་མར་གསུམ་མཆོད་པའི་རྟེན་དུ་གྱུར། །

    འབྲུ་དྲུག་ལོ་ཡག་འབྱུང་བའི་ཉེར་བསྡོགས་རྩོམ། །

    ཨེ་མ་རྨད་བྱུང་དབྱར་གྱི་དུས་འདིར་སྐྱིད། །

    འབྲོག་པའི་འཚོ་བར་མཛེས་པའི་རི་མོ་བཀྲ །

    རོང་པའི་འཚོ་བར་ལོ་ལེགས་རེ་བས་ཕྱུག །

    མི་རྣམས་གདོང་ལ་དགའ་སྤྲོའི་འཛུམ་མདངས་རྒྱས། །

    དབྱར་ཟླ་ཚེས་པས་ཕ་ཡུལ་སྔར་ལས་མཛེས། །

    རྒྱུ་སྐར་མཁའ་རུ་བཀྲ་བའི་མཚན་མོ་དེར། །

    ཁེར་རྐྱང་སྣང་བས་མཐའ་ཡས་རྩྭ་ཐང་ཉུལ། །

    ཟླ་བ་རབ་རིབ་འཆར་བའི་མཚན་གཞུང་གི །

    ཁྱད་ཆོས་ཚོར་བའི་མྱོང་སྣང་ཁོ་ནར་གྱུར། །

    ཧ་ཅང་ལྷིང་འཇགས་ཡིན་པའི་དགོང་མོ་དེར། །

    དབྱར་གྱི་དགེ་མཚན་ལོངས་སུ་སྤྱད་ཙ་ན། །

    བསམ་གཞིག་ཕྲ་མོའི་རྒྱུན་ཐག་མ་ཆད་བར། །

    ཡིད་ཀྱི་ནམ་མཁའ་རེ་ཞིག་དགའ་བས་བཀང་། །

    དབྱར་གྱི་མེ་ཏོག་ཁྲ་ཚོམ་རྣམ་པར་བཞད། །

    དབྱར་གྱི་འཇའ་སྣེ་ནུབ་རིའི་རྩེ་མོར་ཐོགས། །

    དབྱར་གྱི་རྒྱལ་མོའི་འཇོ་སྒེག་རོལ་བ་ལས། །

    དབྱར་གྱི་བདེ་སྣང་ཅི་ཡང་ཡིད་ཀྱིས་བཏུས། །

    དབྱར་ལ་འཁྲུངས་པའི་སྤང་གི་མེ་ཏོག་ཡག །

    དབྱར་ལ་རྒྱས་པའི་འཇིག་རྟེན་འདི་སྣང་མཛེས། །

    དབྱར་ལ་དགེ་བའི་འོད་སྣང་མཆེད་གྱུར་ནས། །

    དབྱར་ལ་བདེ་བའི་འབྲས་བུ་ཅི་ཡང་འབྱུང་། །

    དབྱར་ནི་དཔལ་ལྡན་འཛད་མེད་ལོངས་སྤྱོད་ཅིག །

    དབྱར་ནི་རྙེད་མེད་རིན་ཆེན་བསམ་འཕེལ་ཞིག །

    དབྱར་ནི་དགའ་བདེའི་སྐྱེད་ཚལ་ཡངས་མོ་ཞིག །

    དབྱར་ནི་དུས་བཞིའི་ཀློང་ནས་ཁྱད་འཕགས་ཤིག །

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།