སྲོལ་རྒྱུན་རྒྱན་གོས་ལྟ་སྣང་དོད། དེང་རབས་ཇུས་འགོད་མེ་ཏོག་མཛེས།
བོད་ཀྱི་རྒྱན་གོས་ཇུས་འགོད་པ་བསྟན་འཛིན་རིན་དཔལ་གྱི་སྐོར་བཀོད་པ།

བསྟན་འཛིན་རིན་དཔལ་ལ་ཐོབ་པའི་གཟེངས་རྟགས།

བསྟན་འཛིན་རིན་དཔལ་གྱིས་འཁྲབ་སྟོན་པར་མཛེས་བཟོའམ་ཨོག་འདོན་བཞིན་པ།

བསྟན་འཛིན་རིན་དཔལ་དང་འཁྲབ་སྟོན་པའི་མཉམ་པར།

བསྟན་འཛིན་རིན་དཔལ།

བསྟན་འཛིན་རིན་དཔལ་གྱིས་ཇུས་འགོད་བྱས་པའི་རྒྱན་གོས་བརྩམས་ཆོས།

བསྟན་འཛིན་རིན་དཔལ་གྱིས་ཇུས་འགོད་བྱས་པའི་རྒྱན་གོས་བརྩམས་ཆོས།

བསྟན་འཛིན་རིན་དཔལ་གྱིས་ཇུས་འགོད་བྱས་པའི་གར་སྟེགས་མི་སྣའི་སྣང་བརྙན།

བསྟན་འཛིན་རིན་དཔལ“བོད་མིའི་ཉམས་བཟང་། གངས་རིའི་གོས་རྒྱན”ཞེས་པའི་ཇུས་འགོད་འགྲན་བསྡུར་ལ་ཞུཌ་བཞིན་པ།

བསྟན་འཛིན་རིན་དཔལ་གྱིས་འབྲེལ་ཡོད་བྱེད་སྒོར་གཏམ་བཤད་སྤེལ་བཞིན་པ།

བསྟན་འཛིན་རིན་དཔལ་གྱིས་བྱེད་སྒོར་དཔྱད་འདེམས་པའི་འགན་འཁུར་བཞིན་པ།
དམག་ཞབས་ཐིམ་པའི་དམག་མི་ཞིག་ནས་རྒྱན་གོས་ཇུས་འགོད་པ་ཞིག་གི་བར། ས་སྐྱེས་རྡོ་སྐྱེས་ཀྱི་ལྷ་སའི་གཞོན་ནུ་མ་བསྟན་འཛིན་རིན་དཔལ་གྱིས་དགའ་ཞེན་དང་སྙིང་རུས་ལ་བརྟེན་ནས་བོད་མི་རིགས་ཀྱི་རྒྱན་གོས་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་འབད་བཞིན་ཡོད། ཁྱིམ་ཚང་གི་ཤུགས་རྐྱེན་བཟང་པོ་དང་ཕ་མ་གཉིས་པོའི་བཀའ་སློབ་འོག ཆུང་དུས་ནས་བོད་ཆས་གྱོན་པར་དགའ་བས། སློབ་གྲྭ་ཆེན་མོ་འགྲིམ་རིང་ཁོམ་པ་བྱུང་རིམ་བཞིན་ཇུས་འགོད་ཀྱི་ལག་རྩལ་ཁག་ལ་འབད་པ་དང་། སློབ་གྲྭ་ནས་ཐོན་རྗེས་སྔ་རྗེས་སུ་རྒྱལ་ནང་གི་གྲགས་ཅན་སློབ་གླིང་ཁག་ཏུ་ཟབ་སྦྱོང་བྱེད་པར་བསྐྱོད། བསྟན་འཛིན་རིན་དཔལ་གྱིས་དེང་རབས་ཀྱི་ཇུས་འགོད་འདུ་ཤེས་དང་སྲོལ་རྒྱུན་རྒྱན་གོས་ཀྱི་མཛེས་པ་སྤེལ་མར་བྱས་ཏེ། བོད་ཆས་ལ་དུས་རབས་ཀྱི་གཞི་རྒྱུ་གསར་པ་སྣོན་བཞིན་ཡོད། ད་ལྟ་བོད་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པར་ཕྱག་ལས་གནང་བཞིན་པའི་ཁོང་གིས་རྒྱན་གོས་སྣ་ཚོགས་ཇུས་འགོད་ཀྱི་ལས་ལ་འབད་དེ། བོད་ཀྱི་རིག་གནས་འཛམ་གླིང་དུ་ཁྱབ་སྤེལ་གཏོང་བར་རྩེ་གཅིག་ཏུ་གཞོལ་བཞིན་ཡོད་པ་རེད།
སློབ་གྲྭ་འགྲིམ་རིང་། བསྟན་འཛིན་རིན་དཔལ་གྱིས་ཁོམ་པ་ཡོད་རིམ་བཞིན་བོད་ཀྱི་སྲོལ་རྒྱུན་རྒྱན་གོས་རིག་གནས་དང་འབྲེལ་བའི་དཔེ་དེབ་དང་ས་གནས་ཁག་གི་བོད་ཆས་ཀྱི་ཁྱད་ཆོས་ལ་དོ་སྣང་དང་སྦྱངས་པ་ཧུར་ཐག་བྱེད་ཀྱི་ཡོད་ཅིང་། སྦྱངས་པའི་གཞུང་ལུགས་རེ་རེ་དང་འཚོལ་ཞིབ་བྱས་པའི་ལག་ལེན་རེ་རེས་ཁོང་གི་ཇུས་འགོད་ལམ་བུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། སྲོལ་རྒྱུན་གྱི་བོད་ཆས་ལ་གསོན་ཤུགས་གསར་པ་སྦྱིན་དགོས་ན་དགའ་ཞེན་ཡོད་པ་ཁོ་ནས་མི་འགྲིག་པར་ངེས་པར་དུ་རིག་གཞུང་གི་རྨང་གཞི་དང་སྒྱུ་རྩལ་གྱི་ཆུ་ཚད་མཐོ་པོ་ཞིག་དགོས་པ་དེ་གལ་ཆེའི་ནང་གི་འགངས་ཆེ་ཡིན་པ་བསྟན་འཛིན་རིན་དཔལ་གྱི་བློ་ལ་ཐོག་མཐའ་བར་གསུམ་དུ་བརྟན་པོར་བཅངས་ཡོད།
ཁོང་གིས་སློབ་ཆེན་རིང་སྦྱངས་པའི་གཞུང་ལུགས་དང་ཇུས་འགོད་ཀྱི་ལག་རྩལ་གཅིག་པུར་བློ་ཡིད་ཚིམས་ནས་མ་བསྡད་པར། རང་ཉིད་ཀྱི་གྱོན་ཆས་ཇུས་འགོད་བྱེད་པའི་ལག་རྩལ་གོང་མཐོར་གཏོང་ཆེད་དང་བོད་ཆས་ཀྱི་ཁྱད་ཆོས་དེང་རབས་ཀྱི་ན་གཞོན་ཚོའི་མཛེས་དཔྱོད་ལྟ་བ་དང་དེ་བས་མཐུན་པ་ཡོང་ཆེད། སློབ་ཆེན་ནས་ཐོན་རྗེས། སྔ་རྗེས་སུ་ཀྲུང་གོ་ཟློས་གར་སློབ་གླིང་དང་པེ་ཅིང་བྲོ་གར་སློབ་གླིང་དུ་ཟབ་སྦྱོང་བྱེད་པར་བསྐྱོད། རྩེར་སོན་གྱི་སྒྱུ་རྩལ་སློབ་གླིང་དུ་ཁོང་གིས་རང་ཉིད་ལ་བླང་བྱ་ནན་པོ་བཏོན་ཏེ་གྱོན་ཆས་ཇུས་འགོད་ཙམ་མ་ཟད། གར་སྟེགས་ཀྱི་མི་སྣ་དང་རྒྱན་གོས་ཇུས་འགོད་ཐད་ཀྱི་རིག་གཞུང་ཉིང་བསྡུས་ལ་སློབ་སྦྱོང་ཧུར་ཐག་བྱས་པ་རེད། ཟློས་གར་མི་སྣའི་ལོ་རྒྱུས་དང་། རྒྱབ་ལྗོངས་དང་མཐུན་པའི་རྒྱན་གོས་ཇུས་འགོད། བྲོ་གར་དང་མཛེས་འཆོས་ཀྱི་ལག་རྩལ་ལ་སོགས་པའི་ནང་ཚན་མཐའ་དག་ལ་སྐོམ་པ་ཆུ་འདོད་བཞིན་དུ་འབད་འབུངས་བགྱིས་ཏེ་བརྩོན་འགྲུས་ཀྱི་རྟ་ཕོའི་སྲབ་ཁ་གཏན་ནས་གློད་མྱོང་མེད།
དེ་ལྟར། དགའ་ཕྱོགས་ནས་ཆེད་ལས་བར། བསྟན་འཛིན་རིན་དཔལ་གྱིས་རང་ཉིད་ལ་དབང་བའི་ཇུས་འགོད་ཀྱི་མི་ཚེའི་ལམ་བུ་ཞིག་བཏོད་ཡོད།
ད་ལྟ། བསྟན་འཛིན་རིན་དཔལ་གྱིས་བོད་ལྗོངས་ལྷ་མོ་ཚོགས་པའི་རིམ་པ་གསུམ་པའི་གར་སྟེགས་རྒྱན་གོས་ཀྱི་ཇུས་འགོད་པ་དང། མི་སྣའི་སྣང་བརྙན་གྱི་ཇུས་འགོད་པ་སོགས་ཀྱི་འགན་འཁུར་བཞིན་ཡོད་པ་དང་། ཁོང་གིས་འཁྱུག་དབྱིངས་དང་སྐད་འཕྲིན་སོགས་སུ་བསྐུར་བའི་ཇུས་འགོད་བརྩམས་ཆོས་གྲས་སུ་ལྷ་མོའི་འཁྲབ་གཞུང་བརྒྱད་ནང་གི་མི་སྣའི་གར་སྟེགས་ཀྱི་བཀོད་པ་དང་། བཀྲག་མདངས་ལྷག་པར་ཆེ་བའི་བྲོ་གར་གྱི་རྒྱན་གོས། དེང་རབས་ཀྱི་སྟབས་བདེ་དང་དར་སོ་ཆེ་བའི་ཕྱུ་པ་སོགས་མང་པོ་ཡོད་ཅིང་། དེ་བས་ཀྱང་འཛད་སྤྱོད་པའི་ཡིད་དབང་འགུག་པར་བྱེད་པ་ནི་ཁོང་གིས་དེང་རབས་ཀྱི་ཇུས་འགོད་ལག་རྩལ་ལ་བརྟེན་ནས་བོད་ཀྱི་རིག་གནས་ཀྱི་ནང་དོན་ཟབ་མོ་འདུས་ཤིང་བཀྲ་ཤིས་རྟེན་འབྲེལ་མཚོན་པའི་རི་མོ་དང་། རི་ཆུ། རང་བྱུང་ཁམས་ཀྱི་མཛེས་པ་སོགས་ལ་ཚེ་སྲོག་གི་གསོན་ཤུགས་གསར་པ་ཞིག་སྦྱིན་ཡོད་པ་དེ་རེད། ཁོང་གིས་ཇུས་འགོད་བྱས་པའི་གར་སྟེགས་ཀྱི་གྱོན་གོས་མཐའ་དག་བོད་ཀྱི་སྲོལ་རྒྱུན་རྒྱན་གོས་རིག་གནས་ཀྱི་ཁྱད་ཆོས་ལ་དམ་པོར་བསྟུན་ཡོད་ལ། དེང་རབས་གར་སྟེགས་རྣམ་པའི་མཛེས་ཉམས་དང་། གཟིཌ་མོ་བའི་མཛེས་དཔྱོད་ལྟ་བ་སོགས་དང་དམ་པོར་སྦྲེལ་ཡོད་པས། རང་མི་རིགས་ཀྱི་ཕུལ་དུ་བྱུང་བའི་རྒྱན་གོས་རིག་གནས་དག་མ་ཉམས་རྒྱུན་འཛིན་དང་། དར་སྤེལ། ཁྱབ་གདལ་སོགས་ལ་ནུས་པ་གལ་ཆེན་ཐོན་ཡོད་པ་བརྗོད་མི་དགོས། ཁོང་གིས་ཇུས་འགོད་བྱས་པའི་གར་སྟེགས་ཀྱི་རྒྱན་གོས་དག་ལ་ཆེད་ལས་ཀྱི་དགེ་རྒན་དང་། གཟིགས་མོ་བ་རྒན་དར་གཞོན་གསུམ་མང་པོས་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་སྟོར་བཞིན་ཡོད་པ་རེད།
བརྩོན་འགྲུས་ཅན་ལ་རེ་བའི་འབྲས་བཟང་སྨིན་ཞེས་པ་ལྟར། དེ་ལྟར་བསྟན་འཛིན་རིན་དཔལ་གྱི་ཧུར་བརྩོན་དང་རྒྱུན་འཁྱོངས་ལ་གྲུབ་འབྲས་མི་དམན་པ་ཐོབ་ཅིང་། ཁོང་གིས་སྔ་རྗེས་སུ་ལོ་ལྔའི་རིང་བོད་ཀྱི་ལོ་གསར་མཚན་ཚོགས་ཀྱི་རྒྱན་གོས་སྤྱི་ཁྱབ་ལྟ་ཞིབ་པ་དང་། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་དྲུག་ཅུ་འཁོར་བའི་རྟེན་འབྲེལ་མཛད་སྒོའི་ཐོག་གི་ཉིང་ཁྲི་དང་ལྷོ་ཁའི་ཚོགས་པའི་རྒྱན་གོས་དང་རིག་རྩལ་མཚན་ཚོགས་ཀྱི་རྒྱན་གོས་ཇུས་འགོད་པ། ལྷ་ས་དང་ནག་ཆུ་སོགས་ས་གནས་ཁག་གི་ལོ་གསར་མཚན་ཚོགས་ཀྱི་རྒྱན་གོས་ཇུས་འགོད་པ། ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་དང་སྒོར་གཞས་འགྲན་བསྡུར་ཆེ་མོ་སོགས་ཀྱི་རྒྱན་གོས་ཇུས་འགོད་པ་བྱེད་མྱོང་བ་མ་ཟད། 《འུན་ཤིང་ཀོང་ཇོ》དང《གེ་སར་རྒྱལ་པོ》 《དོན་ཡོད་དོན་གྲུབ》སོགས་ཟློས་གར་མི་སྣའི་སྣང་བརྙན་གཞིར་བཟུང་རྒྱན་གོས་ཇུས་འགོད་དང་། ཡུལ་རྣམ་གཏམ་བརྗོད་ཟློས་གར《མི་དམངས་ཀྱི་དད་མོས》ཀྱི་རྒྱན་གོས་ཇུས་འགོད་པ་དང་མི་སྣའི་མཛེས་འཆོས་མཁན་གྱི་འགན་ཁུར་ཏེ། གར་སྟེགས་སྟེང་གི་མི་སྣ་དག་དེ་བས་གསོན་ཉམས་དོད་པ་དང་དེ་བས་མངོན་སུམ་ཡོང་ཆེད་དཀའ་སྤྱད་ཀྱི་ཞིང་སར་རྔུལ་ཆུའི་ས་བོན་མང་པོ་སྟོར་མྱོང་།
བསྟན་འཛིན་རིན་དཔལ་གྱིས་ངང་རྒྱུད་རིང་མོས་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རྒྱན་གོས་རིག་གནས་ལ་སྦྱངས་པ་དང་ཞིབ་འཇུག་ཧུར་ཐག་དང་། དམག་མིའི་བློ་བརྟན་འགྱུར་མེད་ཀྱི་རང་གཤིས་ལ་བརྟེན་ནས་ཀྲུང་ཧྭའི་རིག་གནས་ཀྱི་ཁྲག་རྒྱུན་སྐྱོང་བཞིན་ཡོད། ཁོང་གི་བློ་ངོར་བོད་ཆས་རེ་རེ་ནི་རྒྱུན་གཏན་གྱི་གྱོན་གོས་ཙམ་དང་། རྟེན་མཛོད་ཁང་དུ་ཉར་བའི་རིག་དངོས་ཙམ་མིན་པར། མི་རིགས་ཀྱི་དྲན་ཤེས་ཟབ་མོ་འདུས་ཤིང་བོད་ཀྱི་གཏམ་རྒྱུད་འཛམ་གླིང་ལ་གླེང་མཁན་གྱི་སྒྱུ་རྩལ་ཐོན་རྫས་ཤིག་ལ་བརྩི་བཞིན་ཡོད།
མ་འོངས་པར། བསྟན་འཛིན་རིན་དཔལ་ལ་ཇུས་གཞི་ཁ་གསལ་ཡོད་དེ། ཁོང་གིས“ད་ལྟ་བོད་ལ་གར་སྟེགས་གྱོན་ཆས་ཇུས་འགོད་ཀྱི་ལས་ཀ་བྱེད་མཁན་མང་པོ་དེ་ཙམ་མེད། འོན་ཀྱང་། ངས་མུ་མཐུད་སློབ་སྦྱོང་དང་རྒྱུན་འཛིན་ཡག་པོ་བྱས་ཏེ། ཇུས་འགོད་ལ་བརྟེན་ནས་བོད་ལ་དགའ་པོ་བྱེད་མཁན་དང་བོད་ཆས་ལ་དགའ་པོ་བྱེད་མཁན་རྣམ་པར་རང་བློར་བབས་པའི་བོད་ཆས་གྱོན་ཐུབ་པ་དང་། བོད་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་འཛམ་གླིང་དུ་དར་སྤེལ་གཏོང་སླད་འབད་བརྩོན་བྱེད་ཀྱི་ཡིན། རེ་བར་ན་གཞོན་དེ་བས་མང་བས་ང་དང་མཉམ་དུ་རང་མི་རིགས་ཀྱི་རིག་གནས་དར་སྤེལ་གཏོང་བའི་བྱ་གཞག་ནང་ཞུགས་རྒྱུའི་རེ་བ་ཡོད”ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།