སྤེལ་རེས་དང་མཉམ་འདྲེས་བྱས་པའི་ལོ་རྒྱུས་ཀྱི་དཔང་པོ།

འདི་ནི་གྲོ་ཚང་ལྷ་ཁང་གཽ་ཏམ་སྡེའི་ཁྱམས་ར་ཤར་མའི་ནང་གི་མིང་རྒྱལ་རབས་སྐབས་ཀྱི་སྟོན་པའི་མཛད་རྣམ་བྲིས་པའི་ལྡེབས་རིས(ཆ་ཤས)ཤིག་ཡིན་པ། ཞང་རྡོ་རྗེ་འབུམ་གྱིས་མཁོ་འདོན་བྱས།
མཚོ་སྔོན་ས་མཐོའི་ལོ་ངོ་སྟོང་ཕྲག་བརྒལ་བའི་གནའ་བོའི་བགྲོད་ལམ་ཞིག་གིས་སོ་ནམ་དང་འབྲོག་ལས་ཀྱི་ཤེས་དཔལ་མཉམ་དུ་སྦྲེལ་ཡོད། དེ་ནི་དར་གོས་ལམ་བུའི་མཚོ་སྔོན་ལམ་བུ་རེད། རྨ་ཙོང་རྒྱུད་དུ་མིང་རྒྱལ་རབས་སྐབས་ཀྱི་གནའ་བོའི་དགོན་སྡེ་ཞིག་ཆགས་ཡོད་ལ། དགོན་སྡེ་དེའི་རྒྱ་བོད་ཁྱད་ཆོས་ཟུང་ལྡན་གྱི་བཟོ་བཀོད་དང་ལྡེབས་རིས་ལས་ཀྲུང་ཧྭ་མི་རིགས་སྣ་མང་གཞི་གཅིག་གི་མཚོན་རྟགས་གསལ་པོ་མངོན། དགོན་སྡེ་དེ་ནི་གྲོ་ཚང་ལྷ་ཁང་གཽ་ཏམ་སྡེ་རེད། “ས་མཐོའི་དར་གོས་ལམ་བུ། གྲོ་ཚང་རྡོ་རྗེ་འཆང་གི་གཟི་བྱིན——མཚོ་སྔོན་དར་གོས་ལམ་བུའི་རིག་དངོས་དང་གྲོ་ཚང་དགོན་པའི་ལྡེབས་རིས་སྒྱུ་རྩལ་འགྲེམས་སྟོན”ཐོག་མངོན་པ་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་ལོ་རྒྱུས་ཡུན་རིང་དང་འོད་སྟོང་འཕྲོ་བའི་རིག་གནས་བཏོད་པའི་ལོ་རྒྱུས་ཀྱི་ལམ་བུ་ཡིན།
མཚོ་སྔོན་ལམ་བུར་ཆའང་དཀྱིལ་ལམ་དང་། འ་ཞ་ལམ། ཐང་བོད་གནའ་ལམ། གྱི་ཐང་ལམ་སོགས་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བར་མིང་གི་རྣམ་གྲངས་ཀྱང་མི་འདྲ་བ་ཡོད། མཚོ་སྔོན་ལམ་བུའི་ཤར་མཐའ་ཀྲུང་ཡོན་ས་ཁུལ་གྱི་དབུས་རྒྱུད་དང་། ནུབ་མཐའ་ནུབ་རྒྱུད་ཀྱི་རྒྱལ་ཁབ་ཁག ལྷོ་མཐའ་ཐུ་བྷོད། བྱང་མཐའ་རྨ་ནུབ་བཅས་དང་འབྲེལ་ཡོད་པས། ཝེ་རྒྱལ་རབས་དང་། ཅིན་རྒྱལ་རབས། རྒྱལ་རབས་ལྷོ་མ་དང་བྱང་མ་བཅས་ཀྱི་སྐབས་ནས་མིང་རྒྱལ་རབས་དང་ཆིང་རྒྱལ་རབས་བར་ཚང་མར་ཚོང་དོན་སྤེལ་རེས་དང་རིག་གནས་མཉམ་འདྲེས་ཀྱི་ལམ་བུ་ཞིག་ཏུ་གྱུར་ཡོད། རྒྱལ་རབས་ལྷོ་མ་དང་བྱང་མའི་སྐབས་རྨ་ནུབ་དོག་ལམ་དུ་དམག་འཁྲུག་མང་པོ་ཐོན་པས། མཚོ་སྔོན་ལམ་བུ་དེ་ཉིད་རྒྱལ་རབས་ལྷོ་མ་དང་ནུབ་ཡུལ་དབར་འགྲོ་འོང་བྱེད་པའི་བགྲོད་ལམ་འབའ་ཞིག་ཏུ་གྱུར་ཡོད། འ་ཞ་སྲིད་དབང་གིས་མཚོ་སྔོན་ལམ་བུར་བརྟེན་ནས་རྒྱལ་རབས་ལྷོ་བྱང་གཉིས་གར་འགྲོ་འོང་བྱས་ཏེ་ཀྲུང་ཡོན་ས་ཁུལ་གྱི་དར་གོས་དང་། ཇ་ལོ། དཀར་ཆས་སོགས་ནུབ་ཡུལ་དུ་དབོར་བ་དང་ཆབས་ཅིག ནུབ་ཡུལ་གྱི་དབྱིག་ནོར་དང་ལག་རྩལ་སོགས་ཀྲུང་ཡོན་དུ་དྲངས་ཡོད། སུའེ་རྒྱལ་རབས་དང་ཐང་རྒྱལ་རབས་སྐབས་མཚོ་སྔོན་ལམ་བུ་དར་རྒྱས་ཆེན་པོ་བྱུང་ཞིང་། གོང་མ་སུའེ་དབྱང་ཏི་ནུབ་ཡུལ་དུ་སྐོར་གཟིགས་ལ་ཕེབས་སྐབས་ལམ་བུ་དེ་བརྒྱུད་པ་ལས་འཐབ་ཇུས་ཀྱི་རིན་ཐང་ཆེན་པོ་ལྡན་པ་ཤེས་ཐུབ། སུང་རྒྱལ་རབས་སྐབས་མི་ཉག་གིས་རྨ་ནུབ་བཟུང་བས་མཚོ་སྔོན་ལམ་བུ་དེ་ཉིད་སླར་ཡང་ཤར་ནུབ་སྤེལ་རེས་ཀྱི་མ་ལམ་གཙོ་བོར་གྱུར་ནས་ཇ་རྟ་བརྗེ་འཚོང་གི་ལོ་རྒྱུས་བྱུང་བ་རེད།
གྲོ་ཚང་རྡོ་རྗེ་འཆང་ནི་མཚོ་སྔོན་ལམ་བུའི་ཐོག་གི་བཀྲག་མདངས་རབ་ཏུ་འཚེར་བའི་མུ་ཏིག་ལྟ་བུ་ཞིག་ཡིན། མིང་རྒྱལ་རབས་ཀྱི་ཁྲི་ལོ་ཧུང་ཝུའུ་སྐབས་བཞེངས་པའི་དགོན་པ་འདི་ནི་གོང་མ་ཀྲུའུ་ཡོན་ཀྲང་གིས་མཚན་གནང་ནས་བཞེངས་པ་ཞིག་ཡིན་ལ། སྤྱིའི་བཟོ་བཀོད་པེ་ཅིང་གི་གནའ་བོའི་ཕོ་བྲང་ལ་དཔེ་བལྟས་ནས་གཞོགས་གཉིས་དོ་མཉམ་པ་དང་། སྒོ་ར་ཕྱི་ནང་བར་གསུམ་ལྡན་པ། རྒྱལ་དར་ཕོ་བྲང་བརྗིད་རྔམ་ལྡན་པ་སོགས་གོང་མའི་ཕོ་བྲང་གི་བརྗིད་ཉམས་དང་བོད་ཀྱི་དགོན་པའི་ཁྱད་ཆོས་གཉིས་ཀ་ལྡན། མིང་རྒྱལ་རབས་སྐབས་ནུབ་བྱང་མཐའ་མཚམས་བཅོས་སྐྱོང་ལྟེ་གནས་གལ་ཆེན་ཞིག་ཡིན་པའི་ཆ་ནས། གྲོ་ཚང་རྡོ་རྗེ་འཆང་ནི་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་ཞིག་ཡིན་ལ། རྟེན་འབུལ་ཉོ་ཚོང་ལྟེ་གནས་དང་མི་རིགས་ཕན་ཚུན་སྤེལ་རེས་བྱེད་པའི་ལྟེ་གནས་ཤིག་ཀྱང་ཡིན།
འགྲེམས་སྟོན་བྱས་པའི་འགྲེམས་དངོས་གལ་ཆེན་ཚང་མར་མི་རིགས་མཉམ་དུ་འདྲེས་པའི་མན་ངག་དང་རྒྱལ་ཁབ་ལ་བརྩེ་བ་བཅངས་པའི་གཏམ་རྒྱུད་ཡོད། རྡོ་ཆས་དུས་རབས་གསར་པའི་བྲོ་འཁྲབ་རྣམ་པ་བཀོད་པའི་ཚོན་ལྡན་རྫ་གཞོང་ནི་མཚོ་སྔོན་འབལ་རྫོང་གི་རྫོང་རིའི་གནའ་ཤུལ་ནས་ཐོན་པ་དང་། རྫ་གཞོང་ནང་ངོས་སུ་མི་24ཡིས་ལག་གདང་སྦྲེལ་ནས་ཞབས་བྲོ་འཁྲབ་པའི་རི་མོ་བཀོད་ཡོད་པ་ལས་བསྐལ་པ་ཡ་ཐོག་གི་མེས་པོ་ཚོའི་འཚོ་བའི་རྣམ་པ་གསོན་ཉམས་དོད་པོས་མངོན་ཡོད། དེ་ནི་གནའ་དུས་ཀྱི་རིག་གནས་སྤེལ་རེས་དང་རིགས་ཚོ་མཉམ་གནས་བྱེད་པའི་དཔང་རྟགས་སྔ་ཤོས་ཡིན་པས། རྡོ་ཆས་དུས་རབས་གསར་པའི“གྲོགས་ཚོམས”རེད་ཅེས་བརྗོད་ཆོག དུར་ལམ་ནས་ཐོན་པའི་བཙན་པོའི་དུས་སྐབས་ཀྱི་གསེར་གྱི་མགུལ་རྒྱན་ནི་བཟོ་རྩལ་སྤུས་དག་ཅིག་ཡོད་པ་དང་། གསེར་སྐུད་ཞིབ་ཚགས་བཏང་བའི་ཐོག་གཡུ་ཡི་ཕྲ་རྒྱན་བཏབ་ཡོད་པ་མ་ཟད། ཨེ་ཤེ་ཡ་དབུས་མ་དང་། ནུབ་ཡུལ། ཀྲུང་ཡོན་ས་ཁུལ་བཅས་ཀྱི་མཛེས་དཔྱོད་དང་ལག་ཤེས་ཀྱི་ཁྱད་ཆོས་མཉམ་དུ་འདུས་ཡོད་པ་དེ་ནི་མཚོ་སྔོན་ལམ་བུའི་ཚོང་དོན་སྤེལ་རེས་དང་རིག་གནས་དཔྱད་གཞིར་འཛིན་རེས་ཀྱི་རྩ་ཆེ་བའི་དངོས་རྫས་ཤིག་ཡིན་ཞིང་། དེས་ས་མཐོའི་དར་གོས་ལམ་བུའི་དར་ཞིང་རྒྱས་པའི་རྣམ་པ་མངོན་བཞིན་ཡོད། མིང་རྒྱལ་རབས་ཀྱི་གསེར་བྱང་དཔང་འཛིན་ལས་གཅིག་མཐུན་ཚོགས་པའི་དཔལ་འབྱོར་རྨང་གཞི་བསྟན་ཡོད། ལྕགས་མཚོན་དུས་རབས་སུ་ཀྲུང་ཡོན་ས་ཁུལ་གྱི་ཇ་དང་ས་མཐོའི་རྟ་ནི་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་འཐབ་ཇུས་ཀྱི་ཐོན་ཁུངས་ཤིག་ཡིན། གསེར་བྱང་དེ་ནི་གོང་མའི་སྲིད་གཞུང་གིས་ནུབ་བྱང་རྒྱུད་ཀྱི་མི་རིགས་ཁག་དང“ཇ་རྟ་བརྗེ་འཚོང”བྱེད་པའི་ཡིད་རྟོན་གྱི་དཔང་འཛིན་ཞིག་ཡིན་པ་རེད།
གྲོ་ཚང་ལྷ་ཁང་གོོ་ཏམ་སྡེའི་མིང་རྒྱལ་རབས་སྐབས་ཀྱི་ལྡེབས་རིས་ནི་སྒྱུ་རྩལ་གྱི་གཅེས་ནོར་རེད་ཅེས་བརྗོད་ཆོག སྨི་ངོས་གྲུ་1500ཡོད་པའི་ལྡེབས་རིས་ལ་ཀྲུང་ཡོན་ས་ཁུལ་གྱི་རི་མོ་འབྲི་ལུགས་དང་བོད་ཀྱི་རི་མོ་འབྲི་སྟངས་མཉམ་དུ་སྤྱད་ཡོད། གལ་ཏེ་གོང་དུ་བཤད་པའི་རིག་དངོས་ཀྱི་ནང་དོན་ནི“བཅོས་སྐྱོང”སྐོར་རེད་ཅེས་བརྗོད་ན། ལྡེབས་རིས་འདིའི་ནང་དོན་ནི་རིག་གནས་ཐད་ཀྱི“མཛེས་ཀུན་གཅིག་འདུས”རེད། ལྷ་རིས་པས་ཀྲུང་ཡོན་ས་ཁུལ་གྱི་སྲོལ་རྒྱུན་གྱི་རི་ཀླུང་རི་མོ་འབྲི་རྩལ་སྤྱད་དེ་བོད་བརྒྱུད་ནང་བསྟན་གྱི་སྐོར་བྲིས་ཡོད་པ་དང་། རྒྱའི་ལུགས་ཀྱི་འབྲི་སྟངས་སྤྱད་ནས་ས་མཐོའི་ལྷ་ཚོགས་ཀྱི་ཁྲོ་ཉམས་མངོན་པར་བྱས་ཡོད།
མིང་རྒྱལ་རབས་ཀྱི་གོང་མའི་བཀའ་ལྟར་འཛུགས་སྐྲུན་དང་ཞིག་གསོ་ཐེངས་7བྱས་པ་ནས་རྒྱ་བོད་སོགས་མི་རིགས་ཀྱི་བཟོ་བོས་མཉམ་དུ་སྐྲུན་པའི་བར་གྱི་ལོ་600ལྷག་ཙམ་རིང་གྲོ་ཚང་ལྷ་ཁང་གོོ་ཏམ་སྡེས་ཀྲུང་དབྱང་དང་མཐའ་མཚམས་བློ་ཁ་གཅིག་མཐུན་དང་བདེ་སྡུག་མཉམ་མྱོང་བྱེད་པའི་ལོ་རྒྱུས་ལ་དཔང་པོ་བྱེད་བཞིན་ཡོད་པ་རེད། (རྩོམ་པ་པོ་ནི“ས་མཐོའི་དར་གོས་ལམ་བུ། གྲོ་ཚང་རྡོ་རྗེ་འཆང་གི་གཟི་བྱིན——མཚོ་སྔོན་དར་གོས་ལམ་བུའི་རིག་དངོས་དང་གྲོ་ཚང་དགོན་པའི་ལྡེབས་རིས་སྒྱུ་རྩལ་འགྲེམས་སྟོན”ཇུས་འགོད་པ་ཡིན)
འབྲེལ་ཡོད་གསར་འགྱུར།