དབུ་ཤོག>བོད་ཀྱི་རིག་གནས།>འགོ་བརྗོད་པར་རིས།
  • འཆར་སྒོ་ཐ་ནེ་ཐུན་ནེ།

    བོད་ལྗོངས་བོད་སྐད་ཡིག་བཤམས་སྟོན་ཁང་ལ་ལྟ་སྐོར་དུ་བསྐྱོད་པའི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  གསར་འགོད་པ། དཔལ་མཆོག བུ་ཆུང་།   |     སྤེལ་དུས།  2026-06-18

    འདི་ནི་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་བོད་ཡིག་རྩོམ་སྒྱུར་ལྟེ་གནས་ཀྱི་གསར་འགྱུར་ལས་དོན་པས་བོད་ལྗོངས་བོད་སྐད་ཡིག་བཤམས་སྟོན་ཁང་ལ་ལྟ་སྐོར་བྱེད་བཞིན་པ། (གསར་འགོད་པ་བསོད་ནམས་སྟོབས་ལགས་ཀྱིས་པར་བརྒྱབ)

    འདི་ནི་བཤམས་སྟོན་ཁང་དུ་ཉར་ཚགས་བྱས་པའི་བོད་ཡིག་བརྡ་སྤྲོད་བསྟན་བཅོས་ཀྱི་ཡིག་གཟུགས་བརྩམས་ཆོས་ཡིན་པ། (དཔལ་མཆོག་གིས་པར་བརྒྱབ)

    འདི་ནི་བོད་ཡིག་རྩོམ་སྒྱུར་ལྟེ་གནས་ཀྱི་གསར་འགྱུར་ལས་དོན་པ་ཚོས་སྣེ་ཤན་པའི་གསལ་འགྲེལ་ལ་ནན་ཏན་ངང་ཉན་བཞིན་པ། (གསར་འགོད་པ་བསོད་ནམས་སྟོབས་ལགས་ཀྱིས་པར་བརྒྱབ)

    དབྱར་ཟླ་བཞི་པའི་ཟླ་སྨད་ལ་གསར་འགྱུར་གྱི་ཆ་འཕྲིན་ཞིག་ལས་རྒྱལ་ཡོངས་བོད་སྐད་ཡིག་གི་ཆེད་དོན་བཤམས་སྟོན་ཁང་ཞིག་གྲོང་ཁྱེར་ལྷ་སར་སྒོ་ཕྱེ་བའི་གཏམ་བཟང་གྲགས་ཤིང་། གོ་ཐོས་ལྟར་ན་བཤམས་སྟོན་རིག་དངོས་ཁ་གྲངས་3000ཙམ་གྱི་ནང་དུ་བོད་སྐད་ཡིག་འབྱུང་ཁུངས་ཀྱི་ལོ་རྒྱུས་འཕེལ་རིམ་དང་། རིག་གཞུང་ཐད་ཀྱི་ཞིབ་འཇུག་དང་། སློབ་ཁྲིད་ཀྱི་ལག་ལེན། རིག་གནས་ཁྱབ་གདལ་སོགས་གཞི་གཅིག་ཏུ་འདུས་ཡོད་པ་དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དང་མི་རིགས་ཁག་གི་སྐད་ཡིག་ཚན་རིག་དང་མཐུན་པའི་སྒོ་ནས་སྲུང་སྐྱོབ། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྦྱོང་སྤྱོད་ལ་བརྩི་འཇོག་དང་འགན་སྲུང་བཅས་བྱེད་དགོས”ཞེས་གསུངས་གནང་མཛད་པའི་བཀའ་སློབ་གསེར་ཞུན་མ་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་རེད།

    གཏམ་དཔེར། ལེ་དབར་ཁྲི་ཡི་ལམ་དུ་བཞུད། གསུང་རབ་ཁྲི་ཚོ་ལྟ་ཀློག་བགྱིས། ཞེས་པའི་དོན་ནི་ཤེས་རིག་ཡོན་ཏན་སྦྱོང་མཁན་གྱི་མི་ལ་སྐུལ་ལྕག་བྱས་ཏེ་ལྟ་རྒྱ་ཐོས་རྒྱ་གསོག་དགོས་པའི་བསླབ་བྱ་ཞིག་ཅི་ལ་མིན། སྤྱི་ཟླ་5ཚེས་21ཉིན། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་བོད་ཡིག་རྩོམ་སྒྱུར་ལྟེ་གནས་ཀྱིས་མཐུན་རྐྱེན་བཟང་པོ་སྦྱར་ཞིང་། ངེད་ཚོ་རྩོམ་སྒྲིག་ཁང་གི་ཏང་ཡོན་བཅུ་གྲངས་ཤིག་ལ་སྐབས་ཐོག་ལས་ཞོར་ཁོམ་པ་བཙལ་ནས་བོད་ལྗོངས་བོད་སྐད་ཡིག་བཤམས་སྟོན་ཁང་ལ་ལྟ་སྐོར་དུ་སྐྱོད་པའི་གོ་སྐབས་བཟང་པོ་ཐོབ། “བོད་སྐད་ཡིག་ནི་བོད་མི་རིགས་ཀྱི་རིག་གནས་ཀྱི་རྩ་བ་ཡིན་ལ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོའི་རིག་གནས་བང་མཛོད་ནང་གི་འོད་ཟེར་འཕྲོ་བའི་མུ་ཏིག་ཅིག་ཀྱང་ཡིན”ཞེས་རྒྱལ་ཡོངས་སྐྱེ་བོ་ཀུན་གྱིས་གླེང་ཞིང་། བོད་ལྗོངས་བོད་སྐད་ཡིག་བཤམས་སྟོན་ཁང་སྒོ་མོ་དབྱེ་བ་ནི་བོད་ཀྱི་འོད་སྟོང་འཕྲོ་བའི་ཤེས་རིག་དང་དཔལ་ཡོན་འགྲེམས་སྟོན་བྱེད་སའི་སྐར་ཁུང་ཞིག་ཡིན་པ་མ་ཟད། དེ་བས་བོད་སྐད་ཡིག་སློབ་སྦྱོང་དང་ཞིབ་འཇུག རྒྱུན་འཛིན་འཕེལ་རྒྱས་གཏོང་བའི་གཡུལ་ས་གལ་ཆེན་ཞིག་ཡིན་པས་བོད་སྐད་ཡིག་སྲུང་སྐྱོང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་རེད་ཅེས་པ་ནི་མཁས་དབང་མང་པོའི་མ་གྲོས་གཅིག་མཐུན་གྱི་བཞེད་པ་རེད།

    དེ་ཉིན་ཞོགས་པར། ངེད་ཚོས་བཤམས་སྟོན་ཁང་གི་གསལ་འགྲེལ་སྣེ་ཤན་པའི་སྒབ་ལ་སྙེག་བཞིན། ཚང་མས་ཁ་གསལ་གོ་བདེའི་འགྲེལ་བཤད་ལ་བློ་རྩེ་གཅིག་སྒྲིམ་གྱིས་ཉན་པར་བྱས། བཤམས་སྟོན་ཁང་གིས་ལོ་རྒྱུས་ཀྱི་འཕེལ་རིམ་ལ་གཞིགས་ནས་བོད་སྐད་ཡིག་གི་འབྱུང་ཁུངས་དང་འགྱུར་ལྡོག སློབ་སྦྱོང་བེད་སྤྱོད། རྒྱུན་འཛིན་སྲུང་སྐྱོང་བཅས་བརྗོད་དོན་གཙོ་བོ་ཆེན་པོ་གསུམ་ཁྱོན་དུམ་བུ་10ལ་བཀོད་སྒྲིག་བྱས་ཤིང་། དངོས་དཔེ་དམར་རྗེན་གྱིས་བོད་ཡིག་གསར་གཏོད་ནས་ཆ་འཕྲིན་ཅན་གྱི་བེད་སྤྱོད་བར་གྱི་འཕེལ་རྒྱས་བརྒྱུད་རིམ་ཁ་གསལ་གསེད་བཀྲོལ་བྱས་ནས། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་མི་རིགས་ཁག་དབར་གྱི་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཐོན་པའི་ནུས་པ་གསོན་ཉམས་དོད་པོས་མངོན་ཡོད་པ་དེ་མུར་རྟོགས། དེ་དང་ཆབས་ཅིག་བཤམས་སྟོན་ཁང་གིས་རང་རྒྱལ་སྲིད་གཞུང་གི་བོད་ཀྱི་རྒྱབ་ཤ་དཀར་པོའི་དེབ་17དབང་གྲགས་ཀྱི་གཞི་འཛིན་སར་བྱས་ནས་བོད་ལ་ཞི་བའི་བཅིངས་འགྲོལ་བཏང་ཚུན། ཏང་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་འོག་བོད་སྐད་ཡིག་ལས་དོན་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་གང་ས་ཅི་ཐད་ནས་མངོན་པར་བྱས་ཡོད།

    ང་ཚོས་རང་རང་གི་ལས་སྒོའི་དགའ་སྣང་ལ་དོ་འཁུར་དང་བཅས། བཤམས་སྟོན་ཁང་ནང་གི་ལོ་རྒྱུས་ཀྱི་རིག་དངོས་མང་དག་ཕུད། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དང་། ལྷག་པར་དུ་བོད་ལ་ཞི་བའི་བཅིངས་འགྲོལ་བཏང་ཚུན། ཏང་ཀྲུང་དབྱང་གི་བླ་ན་མེད་པའི་གཟིགས་སྐྱོང་དང་གྲངས་ཉུང་མི་རིགས་རང་སྐྱོང་ས་ཁུལ་ལ་འཛིན་པའི་དམིགས་བསལ་སྲིད་ཇུས་འོག གྲངས་ཉུང་མི་རིགས་ཀྱི་ཡི་གེའི་ཚགས་པར་དང་དུས་དེབ་མང་པོར་སྣང་འཇོག་བྱས་ཤིང་། དོན་ངོ་མར་བོད་ཡིག་གི་ཚགས་པར་དང་དུས་དེབ་དཔེ་སྐྲུན་བྱས་པ་ནི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་ལ་སྐུལ་ལྕག་དང་བརྩི་འཇོག་བྱས་པ་ལོས་ཡིན་ཞིང་། དེང་གི་ཆར་ཡང་རྒྱལ་ཁབ་དང་ཀྲུང་དབྱང་རིམ་པའི་མི་དམངས་ཉིན་རེའི་ཚགས་པར་བོད་ཡིག་པར་མ་དཔེ་སྐྲུན་བྱེད་མུས་ཡིན་ལ་དེ་ནི་འཛམ་གླིང་ཁྱོན་དུ་དབང་གྲགས་དང་ཁྱབ་རྒྱ་ཆེ་ཤོས་ཀྱི་བོད་ཡིག་སྨྱན་སྦྱོར་སྟེགས་བུ་འབའ་ཞིག་དེ་ཡིན་ངེས། དེ་མིན་རྒྱལ་ཡོངས་བོད་འབྲེལ་ས་ཁུལ་ཁྱོན་ལ་བོད་ཡིག་ཚགས་པར་ཕུད། རྩོམ་རིག་དང་རིག་གཞུང་ཞིབ་འཇུག་སོགས་ཀྱི་བོད་ཡིག་གི་རིག་ཚན་མི་འདྲ་བའི་དུས་དེབ་མི་ཉུང་བ་ཡོད་པ་ཕལ་ཆེ་བས་ཤོག་ཐོག་ཙམ་མིན་པར་དེང་རབས་ཅན་གྱི་གློག་རྡུལ་ཆ་འཕྲིན་དུས་རབས་ཀྱི་རྗེས་སུ་དམ་པོར་སྙེག་བཞིན་ཡོད་པ་ནི་བོད་སྐད་ཡིག་གིས་འཛམ་གླིང་ཡིག་རིགས་སྤྱི་དང་འདྲ་བའི་གོམ་སྟབས་སྤོ་བཞིན་ཡོད་པ་ཀུན་གྱིས་མཁྱེན་གསལ་ལགས།

    བོད་ལྗོངས་བོད་སྐད་ཡིག་བཤམས་སྟོན་ཁང་ལ་ལྟ་སྐོར་དུ་སྐྱོད་པའི་འཆར་སྒོ་ལས། དེང་གི་ཆར་བློ་གྲོས་དང་ཤེས་རིག་ལྡན་པའི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་པང་དུ་སེམས་ནུས་གཅིག་ཏུ་སྒྲིལ་ཏེ་ལོ་རྒྱུས་ཀྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་ཤིང་། བོད་སྐད་ཡིག་གི་ནུས་པ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་འཐུས་ཚང་དུ་བཏང་སྟེ། ཚན་རྩལ་ཆ་འཕྲིན་འབར་གས་འགྲོ་བ་ལྟ་བུའི་དེང་རབས་ཅན་གྱི་ལམ་བུའི་ཐོག བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འབུལ་འོས་པའི་ལེགས་སྐྱེས་ཕུལ་བཞིན་ཡོད་པ་དེའང་སྐྱེ་བོ་ཀུན་གྱིས་ཤེས་རྟོགས་ཐུབ་པ་ཞིག་ལགས།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།