དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • གལ་ཏེ་ཁྱོད་རང་ང་ལ་དགའ་ན།

    བདེ་སྐྱིད་སྒྲོལ་མ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-14

    གལ་ཏེ་ཁྱོད་རང་ང་ལ་དགའ་ན།

    རི་རབ་དང་རྒྱ་མཚོ་དཔང་རྟགས་སུ་མི་དགོས་ཏེ།

    ཡབ་ཡུམ་གྱི་ཟུངས་ཁྲག་མནའ་ཚིག་ལ་མི་དགོས།

    བྲང་ཁོག་གི་དོན་སྙིང་ཡར་བཏེགས་ཏེ།

    འགྱུར་མེད་ཀྱི་སྙིང་དེ་བསྟན་པས་ཆོག

    གལ་ཏེ་ཁྱོད་རང་ང་ལ་དགའ་ན།

    གཡུ་བྱུར་གྱི་རྒྱན་ཆའི་ངོ་སོ་མི་དགོས་ཏེ།

    གསེར་དངུལ་གྱི་རིན་ཐང་དེ་བས་ཀྱང་མི་དགོས།

    མ་ཡུམ་གྱི་ནུ་ཞོའི་དྲི་ངད་མ་ཡལ་བའི།

    སྦྲང་ཆང་གི་འོ་ཞིག་གནང་བས་ཆོག

    གལ་ཏེ་ཁྱོད་རང་ང་ལ་དགའ་ན།

    བཅོས་མའི་འཛུམ་གྱིས་བསུ་མི་དགོས་ཏེ།

    ཁ་མཁས་ཚིག་སྙན་གྱི་ཨ་གསར་མི་དགོས།

    སྐྱིད་སྡུག་འཚོ་བའི་ལམ་རིང་ལ་སྐྱོད་དུས།

    གཅིག་སེམས་གཅིག་ལ་གཏད་པས་ཆོག

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།