དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • དབྱར་གྱི་དྲན་ཤིང་།

    གཡུ་ཆུང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-14

    དབྱར་གསུམ་མེ་ཏོག་གི་མཛེས་སྡུག །

    ཡངས་པའི་སྤང་ཐང་དུ་བཞད་དུས། །

    རྐང་དྲུག་གཡུ་སྦྲང་གི་གཞོན་ནུ། །

    དབྱར་གྱི་དྲན་ཤིང་རང་ཡིན་སོང་། །

    སྔོ་ལྗང་རྩི་ཤིང་གི་ལང་ཚོ། །

    ཟིལ་པའི་རོ་བཅུད་ཀྱིས་མྱོས་དུས། །

    ཟམ་ཟིམ་སྨུག་ཆར་གྱི་བདུད་རྩི། །

    དབྱར་གྱི་དྲན་ཤིང་རང་ཡིན་སོང་། །

    ཤག་ཤག་ཆར་པ་ཡི་ཐིགས་པ། །

    རི་ཀླུང་ཐང་གསུམ་ལ་བྱོ་དུས། །

    གཡུ་འབྲུག་སྔོན་མོ་ཡི་སྐད་སྙན། །

    དབྱར་གྱི་དྲན་ཤིང་རང་ཡིན་སོང་། །

    ཚང་ཚིང་ལྗོན་པ་ཡི་ཚལ་དུ། །

    འདབ་ཆགས་གསུང་སྙན་དེ་སྒྲོག་དུས། །

    སྙན་འཇེབས་འཇོལ་མོ་ཡི་གྲེ་འགྱུར། །

    དབྱར་གྱི་དྲན་ཤིང་རང་ཡིན་སོང་། །

    དྭངས་གཙང་ཆུ་མོ་ཡི་ཀློང་དུ། །

    ལྡེམ་མྱུར་རྐྱལ་རྩལ་ལ་རོལ་བའི། །

    མཛེས་ལྡན་གསེར་མིག་གི་ཉ་མོ། །

    དབྱར་གྱི་དྲན་ཤིང་རང་ཡིན་སོང་། །

    སྔོ་བསངས་མཁའ་དབྱིངས་ཀྱི་དབུས་སུ། །

    བསིལ་རླུང་འཇམ་པོ་ཞིག་ལྡང་དུས། །

    སྤྲིན་དཀར་མེ་ཏོག་གི་ཚོམ་བུ། །

    དབྱར་གྱི་དྲན་ཤིང་རང་ཡིན་སོང་། །

    དབྱར་གཞུང་ལང་ཚོ་ཡི་མཛེས་པ། །

    སྐྱེ་འགྲོའི་འདྲེན་བྱེད་ཀྱི་བདུད་རྩི། །

    སྤྲོ་དགའི་ཡིད་སེམས་རང་འཁོར་ས། །

    རེ་སྒུག་ལོ་ཟླ་ལ་བཅོལ་ཡོད། །

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།